ཀྲུང་གོ་བོད་ཀྱི་དྲ་བ།

ཝ་ནི་ཨ་ཐུའུ་རུ་ཚད་རིམ་བདུན་གྱི་ས་འགུལ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་ཅུའུ་ཡིས་བསྒྲགས་པ་ལྟར་ན། ཞི་བདེ་རྒྱ་མཚོ་ལྷོ་མའི་གླིང་ཕྲན་རྒྱལ་ཁབ་ཝ་ནི་ཨ་ཐུའུ་ཏུ་ཚེས་ཉེར་དགུའི་ཉིན་ཚད་རིམ་བདུན་གྱི་ས་འགུལ་བྱུང་། མིག་སྔར་ད་རུང་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུད་ཀྱི་སྙན་ཞུ་བསྒྲགས་མེད།

ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་ཅུའུ་ཡས་བསྒྲགས་པ་ལྟར་ན། ས་འགུལ་དེ་ཚེས་ཉེར་དགུའི་ཉིན་གྱི་ཞོགས་པའི་དུས་ཚོད་དྲུག་དང་སྐར་མ་སོ་གསུམ་སྟེང་བྱུང་བ་དང་། ས་འགུལ་བྱུང་ས་གཙོ་བོ་དེ་ཝ་ནི་ཨ་ཐུའུ་ཡི་ནོའུ་ཨར་སུའུ་ཕུའུ་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་ལྔའི་མཚམས་སུ་ཡིན་པ་དང་། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་སོ་ལྔ་ཡོད་ཟེར།

ཞི་བདེ་རྒྱ་མཚོ་ཆེན་མོའི་རྒྱ་མཚོ་འཕྱུར་བའི་ཉེན་གཏོང་ལྟེ་གནས་ཀྱིས་སྤེལ་བའི་བརྡ་འཕྲིན་ལས་གསལ་བ་ལྟར་ན། ཐེངས་འདིའི་ས་འགུལ་ལས་ཝ་ནི་ཨ་ཐུའུ་ཡི་མཚོ་འགྲམ་ཁག་ཅིག་ནས་རྨིད་གཅིག་ནས་གསུམ་གྱི་མཐོ་ཚད་ཡོད་པའི་མཚོ་རླབས་འབྱུང་སྲིད་པ་དང་། ཧྥེ་ཅི་དང་པཱ་པུའུ་ཡཱ་ཞིན་ཀེ་ནེ་ཡཱ་སོགས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཚོ་འགྲམ་དུ་མཚོ་རླབས་ཆུང་ངུ་ཞིག་འབྱུང་སྲིད་ཀྱང་། ཞི་བདེ་རྒྱ་མཚོ་ཆེན་མོའི་ཁྱབ་ཁོངས་སུ་གཏོར་བརླག་རང་བཞིན་ལྡན་པའི་རྒྱ་མཚོ་འཕྱུར་བའི་གནས་ཚུལ་འབྱུང་མི་སྲིད་ཟེར།

ཝ་ནི་ཨ་ཐུའུ་ནི་ཞི་བདེ་རྒྱ་མཚོ་ཆེན་མོའི་མེ་ཏི་མང་བའི་ས་ཁུལ་དུ་གནས་ཡོད་པ་དང་། སའི་ཤུན་ཕན་ཚུན་ཐོ་བརྒྱབ་པའི་དབང་གིས་ས་འགུལ་དུས་རྒྱུན་དུ་འབྱུང་བཞིན་ཡོད།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།