ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཉིས་སྟོང་བཅོ་ལྔ་ལོའི་ལུགས་རྙིང་ལོ་སར་གྱི་མཉམ་སྤྲོ་འདུ་ཚོགས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་།

ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་། ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་ཀྱིས་རྒྱལ་སའི་ལས་རིགས་སོ་སོའི་མི་སྣ་དང་མཉམ་དུ་དགའ་སྤྲོའི་ངང་ལོ་སར་བསུས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འདུ་ཚོགས་ལ་མགོ་འཛིན་མཛད། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཉིས་སྟོང་བཅོ་ལྔ་ལོའི་ལུགས་རྙིང་ལོ་སར་གྱི་མཉམ་སྤྲོ་འདུ་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་དང་། ཞང་ཀང་དམིག་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཐེ་ཝན་སྤུན་ཟླ་དང་ཕྱིར་སྡོད་རང་མི་བཅས་ལ་ལོ་སར་གྱི་འཚམས་འདྲི་མཛད།

ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ལིས་ཁི་ཆང་དང་ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་མཉམ་སྤྲོ་འདུ་ཚོགས་ལ་ཞུགས། ལིས་ཁི་ཆང་གིས་འདུ་ཚོགས་ལ་མགོ་འཛིན་མཛད།

མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་གློག་འོད་རྣམ་པར་བཀྲ་ཞིང་དགའ་སྤྲོའི་དཔལ་གྱིས་གཏམས་ཡོད། རྒྱལ་སའི་ལས་རིགས་སོ་སོའི་མི་སྟོང་གཉིས་ལྷག་ལྷན་དུ་འཛོམས་ནས་ལོ་སར་ལ་རོལ། སྔ་དྲོའི་དུས་ཚོད་བཅུའི་སྟེང་། དགའ་སྤྲོའི་རོལ་དབྱངས་ཁྲོད་ནས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཚོམས་ཆེན་དུ་ཕེབས་པ་དང་། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།

ཞི་ཅིན་ཕེན་གྱིས་གསུང་བཤད་གནང་སྐབས་བསྟན་དོན། ལོ་སར་བ་ནི་ལོ་རྙིང་བར་ཕྱིར་དྲན་བྱེད་པའི་དུས་ཡིན། འདས་པའི་ལོ་གཅིག་ནི་དཀའ་སྤྱད་འབད་བརྩོན་བྱས་པའི་ལོ་གཅིག་ཡིན་ལ། གྲུབ་འབྲས་དཔལ་གྱིས་གཏམས་པའི་ལོ་གཅིག་ཀྱང་ཡིན། འདས་པའི་ལོ་དེ་ནི་རང་རྒྱལ་གྱིས་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་མགོ་བརྩམས་པའི་ལོ་ཡིན་ལ། རྒྱལ་ནང་གི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ལས་འགན་ཧ་ཅང་ལྕི་བ་དང་། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཧ་ཅང་ཆེ། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་གཅིག་གྱུར་དང་བློ་གཅིག་སེམས་གཅིག་གིས་བརྟན་བརླིང་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་ཐབས་ལམ་རྒྱུན་འཁྱོངས་བྱས་ཏེ། བཅོས་སྒྱུར་བརྟན་བརླིང་ངང་ཟབ་སྤེལ་བྱས་པ་དང་། འཕེལ་རྒྱས་ལ་མུ་མཐུད་ནུས་ཡོད་སྒོས་སྐུལ་འདེད་བཏང་ཞིང་། གཟབ་ནན་དང་ནུས་ལྡན་སྒོས་དམངས་ཚིས་ལེགས་བཅོས་བྱས་པ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན། ཕྱི་འབྲེལ་བྱ་བ་ཧུར་ཐག་གིས་བསྒྲུབས་པ་དང་བློ་རྩེ་གཅིག་སྒྲིམ་གྱིས་ཏང་དོ་དམ་དང་བཅོས་སྐྱོང་ནན་བྱས་ལ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་བཀོད་སྒྲིག་བྱས་པ་དང་། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་སོགས་ཕྱོགས་སོ་སོའི་ཐད་ནས་གྲུབ་འབྲས་གསར་བ་བླངས། ང་ཚོ་རླབས་ཆེ་བའི་མེས་རྒྱལ་གྱི་ཆེད་དུ་ང་རྒྱལ་སྐྱེས་ཆོག་ལ། རླབས་ཆེ་བའི་མི་དམངས་ཀྱི་ཆེད་དུ་ང་རྒྱལ་སྐྱེས་ཆོག ང་ཚོས་ལས་ལ་བརྩོན་ཞིང་དཔའ་མཛངས་ལྡན་པའི་ཀྲུང་གོ་མི་དམངས་ལ་ཁྱེད་ཚོས་དཀའ་ལས་མྱངས་སོང་ཞེས་བཤད་དགོས་ལ། ཁོ་ཚོའི་སྤྱིར་བཏང་མིན་པའི་གསར་གཏོད་ཀྱི་སྙིང་སྟོབས་དང་སྤྱིར་བཏང་མིན་པའི་བྱས་རྗེས་ལ་བླ་ན་མེད་པའི་གུས་འདུད་ཞུ་དགོས་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ལོ་སར་བ་ནི་ལོ་གསར་བར་ཇུས་འགོད་བྱེད་པའི་དུས་སྐབས་ཀྱང་ཡིན། ད་ལོར་ང་ཚོའི་གནས་བབ་སྔར་བཞིན་རྙོག་འཛིང་ཆེ་བ་དང་། ཕྲག་ཏུ་བབས་པའི་ལས་འགན་སྔར་ལས་ལྕི་བས། ང་ཚོས་མི་དམངས་ལ་དམ་དུ་བརྟེན་པ་དང་མི་དམངས་ཁྲོད་ནས་བློ་གྲོས་བསྡུ་ལེན་བྱེད་པ། མི་དམངས་ཁྲོད་ནས་སྟོབས་ཤུགས་གཅིག་བསྡུ་བྱེད་པ་བཅས་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་། བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་ལྟར། སྔར་ལས་གཟབ་ནན་སྒོས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། སྔར་ལས་འགྱུར་མེད་སྒོས་བཅོས་སྒྱུར་སྒོ་འབྱེད་སྤེལ་བ། སྔར་ལས་ཧུར་ཐག་གིས་གསར་གཏོད་གསོན་ཤུགས་བསྐྱེད་པ། སྔར་ལས་ཕན་ཡོད་སྒོས་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་བྱེད་པ། སྔར་ལས་ནུས་ལྡན་སྒོས་དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་བྱེད་པ། སྔར་ལས་གཏིང་ཟབ་སྒོས་ཏང་སྲོལ་སྲིད་སྲོལ་ལེགས་བཅོས་བྱེད་པ་བཅས་བྱས་ཏེ། རྒྱལ་ཁབ་ལ་རྒྱུ་ནོར་སྔར་ལས་མང་བོ་གསོག་པ་དང་། མི་དམངས་ལ་བདེ་སྐྱིད་སྔར་ལས་མང་བོ་བསྐྲུན་པ། མི་རིགས་ལ་གཟི་བརྗིད་སྔར་ལས་མང་བོ་སྣོན་པ་བཅས་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། ང་ཚོས་སྤེལ་བཞིན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་ནི་སྔ་ན་མེད་པའི་གསར་སྤེལ་རང་བཞིན་གྱི་ལས་དོན་ཞིག་ཡིན་ཕྱིན། མདུན་སྐྱོད་ཀྱི་བགྲོད་ལམ་ནི་གེག་མེད་བདེ་བླག་ཅིག་ཡིན་མི་སྲིད་པས། ང་ཚོས་ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་བ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་མང་བོ་སྤེལ་རྒྱུར་གྲ་སྒྲིག་བྱེད་དགོས། ང་ཚོས་ནམ་ཡང་ཀླད་པ་གསལ་བོས་དཀའ་བ་གདོང་གིས་བསུས་ཏེ་མདུན་སྐྱོད་ལམ་བུ་འབྱེད་པའི་སྙིང་སྟོབས་མུ་མཐུད་དར་སྤེལ་དང་། སྟོང་བཤད་ཀྱིས་རྒྱལ་དོན་བརླག་པ་དང་དངོས་སྒྲུབ་ཀྱིས་རྒྱལ་ཁམས་རྒྱས་པར་བྱེད་པའི་གསལ་བརྡ་ཞིག་མུ་མཐུད་སྲུང་འཛིན་བྱེད་པ་དང་། མདུན་སྐྱོད་བགྲོད་ལམ་སྟེང་གི་དཀའ་ངལ་དང་འགྲན་རྩོད་ཡོད་ཚད་ལས་རྣམ་པར་རྒྱལ་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དེ་ནམ་ཡིན་ཡང་ཀྲུང་ཧྭ་མི་རིགས་ཀྱིས་མཛད་རྗེས་རླབས་ཆེན་བསྐྲུན་པར་ངེས་པར་དུ་མཁོ་བའི་བགྲོད་ལམ་དུ་འགྱུར་བར་བྱེད་དགོས་པ་དང་། ནམ་ཡིན་ཡང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་ངེས་པར་དུ་མཁོ་བའི་གྲོད་ལམ་དུ་འགྱུར་བར་བྱེད་དགོས་ལ། ནམ་ཡིན་ཡང་ཀྲུང་ཧྭ་མི་རིགས་ཀྱིས་མིའི་རིགས་ཀྱི་ཆེད་དུ་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་པར་ངེས་པར་དུ་མཁོ་བའི་བགྲོད་ལམ་དུ་འགྱུར་བར་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། ལོ་སར་ནི་ཁྱིམ་མི་ལྷན་དུ་འཛོམས་དགའ་སྐྱིད་དཔལ་ལ་རོལ་བའི་བཀྲ་ཤིས་པའི་དུས་ཡིན། ཀྲུང་ཧྭ་མི་རིགས་ཀྱིས་གནའ་ནས་བཟུང་ཁྱིམ་གཞི་ལ་མཐོང་ཆེན་དང་བརྩེ་སེམས་ལ་མཐོང་ཆེན་བྱེད་པ་ཡིན་ཞིང་། ཁྱིམ་གཞི་ནི་སྤྱི་ཚོགས་ཀྱི་གཞི་རྩའི་ཕྲ་ཕུང་ཡིན་ལ། མི་ཚེའི་སློབ་གྲྭ་དང་བོ་ཡིན། དུས་རབས་ལ་འགྱུར་ལྡོག་ཅི་འདྲ་བྱུང་བ་དང་འཚོ་བར་འགྱུར་ལྡོག་ཅི་འདྲ་བྱུང་ན་ཡང་། ང་ཚོས་ནམ་ཡིན་ཡང་ཁྱིམ་གཞིས་འཛུགས་སྐྲུན་ལ་མཐོང་ཆེན་དང་ཁྱིམ་གཞི་ལ་མཐོང་ཆེན། ཁྱིམ་སློབ་ལ་མཐོང་ཆེན། ཁྱིམ་སྲོལ་ལ་མཐོང་ཆེན་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་སྐྱེད་སྲིང་དང་དར་སྤེལ་བྱེད་པ་དང་སྦྲེལ་ནས། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ཁྱིམ་གཞིའི་སྤྱོད་བཟང་དར་སྤེལ་ཆེན་པོ་བྱེད་པ་དང་། ཁྱིམ་ཚང་འགྲིག་མཐུན་ལ་ཡར་སྐུལ་དང་། ཁྱིམ་མིའི་བརྩེ་སེམས་ལ་ཡར་སྐུལ། མི་རབས་རྗེས་མ་བདེ་བླག་ངང་འཚར་ལོངས་འབྱུང་བར་ཡར་སྐུལ། རྒན་པ་རྣམས་ལོ་རྒས་རུང་གཉོར་མཁན་ཡོད་པར་ཡར་སྐུལ་བཅས་བྱས་ཏེ། ཁྱིམ་ཚང་ཁྲི་སྟོང་མང་བོ་དེ་རྒྱལ་ཁབ་དར་རྒྱས་དང་མི་རིགས་ཡར་ཐོན། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་གནས་གཞི་རུ་འགྱུར་བར་བྱེད་དགོས་ཟེར།

མཉམ་སྤྲོའི་འདུ་ཚོགས་སྟེང་། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཚང་མར་བརྩེ་བའི་ཕྱག་འཇུ་གནང་ནས་ལོ་སར་གྱི་སྨོན་འདུན་ཞུས། རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་འདུ་ཚོགས་སྟེང་ལེ་ཚན་འཁྲབ་སྟོན་བྱས།

ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཆེས་མཐོ་མི་དམངས་ཁྲིམས་ཁང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་མགོ་ཁྲིད་བློ་མཐུན་དང་བློ་མཐུན་རྒན་པ་མཉམ་སྤྲོའི་འདུ་ཚོགས་ལ་ཞུགས།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།