ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་སྤྱི་ཟླ་དང་པོའི་ཚེས23ཉིན་གྲོས་ཚོགས་སྐོང་འཚོགས་བྱས་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་རྩ་གནད་ཅེས་པར་གྲོས་ཞིབ་བྱས་པ་བརྒྱུད་གྲོས་འཆམ་བྱུང་ཡོད་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ལས་དོན་གྱི་ཕྱོགས་བསྡུས་གནས་ཚུལ་སྙན་ཞུ་བྱས་པར་ཉན། 2014ལོར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱེད་པའི་གནས་ཚུལ་གྱི་སྙན་ཞུ་ཉན་པ། གོམ་སྟབས་རྗེས་མར་སྤྱོད་ཚུལ་ལེགས་བཅོས་བྱ་རྒྱུའི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད་པ་རེད། གྲོས་ཚོགས་ཐོག མིག་སྔར། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཆེ་བ་དང་། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་ལ་འགྱུར་བ་གཏིང་ཟབ་འགྲོ་བཞིན་ཡོད་པ། བསྒྱུར་བཅོས་བྱ་རྒྱུ་དེ་འགག་རྩའི་དུས་མཚམས་དང་གཏིང་ཟབ་སར་སླེབས་ཡོད་པས། སྤྱི་ཚོགས་ཀྱི་འགལ་ཟླ་མང་པོ་ཐོན་གྱི་ཡོད་པ་དང་། སྔོན་དཔག་བྱེད་ཐུབ་པ་དང་སྔོན་དཔག་བྱེད་དཀའ་བའི་བདེ་འཇགས་ཉེན་ཁའི་འགྲན་རྩོད་ཁག་སྔར་ན་མེད་པ་འཕྲད་བཞིན་ཡོད་པས། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་དགོས་ཤིང་། སྐྱིད་པའི་དུས་སུ་ཉེན་ཁ་མི་བརྗེད་པ་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་རྩ་གནད་ཅེས་པ་གཏན་འབེབས་དང་ལག་བསྟར་བྱེད་པ་ནི་ནུས་ལྡན་ངང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་དགོས་མཁོ་ཞིག་ཡིན་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད།

གྲོས་ཚོགས་ཐོག མིག་སྔར། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་ཐུབ་པར་གཅིག་གྱུར་འཆར་འགོད་དང་། ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཁྱོན་ཡོངས་ནས་ཏང་ནན་པོས་བཅོས་པའི་ལས་འགན་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བ་བྱེད་པ་དང་། ཏང་ཀྲུང་དབྱང་གི་གལ་ཆེའི་བཀོད་ཇུས་བཀོད་སྒྲིག་ཐད་སེམས་ནུས་གཅིག་སྒྲིལ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ཡང་དག་པའི་ཁ་ཕྱོགས་སུ་རྒྱུན་འཁྱོངས་ཐུབ་པའི་འགན་སྲུང་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།

གྲོས་ཚོགས་ཐོག ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་ལྷོད་གཡེང་མི་བྱེད་པ་དང་། སྤྱོད་ཚུལ་ངན་པ་བསྐྱར་དུ་ཐོན་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ། རྡོ་ལ་ཨི་ཁུང་འབིགས་པའི་སྙིང་སྟོབས་ཐོག་ནས་ལམ་ལུགས་ལག་བསྟར་བྱ་རྒྱུར་དམ་འཛིན་བྱེད་དགོས་ཤིང་། གཙོ་གནད་ཐོག་གཞུང་དོན་སྣེ་ལེན་དང་། གཞུང་སྤྱོད་ཁང་པ། གྲོས་ཚོགས་གསོ་སྦྱོང་། གཞུང་གི་དོན་དུ་ཕྱི་རྒྱལ་དུ་འགྲོ་བ། འགོ་ཁྲིད་ལས་བྱེད་པའི་ཐོབ་ཐང་། དྲུང་ཆེའི་ཆ་སྦྱོར། འགོ་ཁྲིད་ལས་བྱེད་པས་སྤྱི་ཚོགས་ཚོགས་པའི་ནང་འགན་གནས་གཅིག་ལྕོགས་བྱ་རྒྱུ། གཞུང་ཁོངས་ཁེ་ལས་ཀྱི་འགན་འཁུར་བའི་གླ་ཕོགས་ལམ་ལུགས་བསྒྱུར་བཅོས་སོགས་ཀྱི་ཐད་ཀྱི་ལམ་ལུགས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་དགོས་པ། ལས་བྱེད་མང་ཚོགས་ཀྱིས་ལན་ཆ་དྲག་པོ་བྱེད་པའི་མངོན་གསལ་དོད་པའི་གནད་དོན་ལ་དམ་འཛིན་བྱས་ཏེ། ཆེད་དོན་བཅོས་སྐྱོང་སྔར་ལས་ལྷག་པ་བྱེད་པ་དང་། ལྷག་པར་དུ་གཞུང་དོན་ཆེད་དུ་རླངས་འཁོར་བེད་སྤྱོད་གཏོང་བའི་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། གསོ་སྦྱོང་ལྟེ་གནས་དང་། སྒེར་གྱི་ངལ་གསོ་ཁང་། སྨན་བཅོས་ལུས་གསོ་ཁང་བཅས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་དུ་ཡོད་པའི་དོན་གཅོད་ལས་ཁུངས་གཙང་སེལ་དང་ཚད་ལྡན་བཟོ་བའི་ལས་དོན་དུས་ཚོད་དམ་འཛིན་དང་ནན་པོའི་ངང་སྤེལ་དགོས་པ། མུ་མཐུད་ཁྲིམས་འཛིན་དང་ལྟ་སྐུལ་དོ་དམ། སྤྱི་པའི་ཞབས་ཞུ་སོགས་ཞབས་ཞུའི་ལས་རིགས་དང་ཁྱབ་ཁོངས་ནང་སྒྲིག་སྲོལ་ལས་འགལ་ནས་གླ་རིན་བསྡུ་བ་དང་དངུལ་གྱི་རྔན་པ་ལེན་པ། ཉོ་སྒྲུབ་ག་ཤོག་ལེན་པ་སོགས་ཀྱི་གནད་དོན་བཅོས་སྒྲིག་བྱེད་དགོས་པ། གང་བྱུང་དུ་བགོ་འགྲེམ་བྱེད་པ་དང་། དཔྱད་བསྡུར་དཔྱད་དཔོག་བྱེད་ཚད་མང་བ་དང་བྱེད་དྲགས་པ་སོགས་ཀྱི་གནད་དོན་མུ་མཐུད་ཐག་གཅོད་དགོས་པ། གཞུང་དངུལ་བཏང་ནས་བཟའ་བཏུང་བྱེད་པ་དང་། གཞུང་དངུལ་བཏང་ནས་ཡུལ་སྐོར་དུ་འགྲོ་བ་སོགས་མངོན་གསལ་དོད་པའི་གནད་དོན་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས་པ། འགོ་ཁྲིད་ཀྱི་བང་རིམ་ནང་མུ་མཐུད་སྤྱོད་ཚུལ་ངན་པ་བཞིར་ངོ་རྒོལ་བྱེད་པ་དང་སྤྱོད་ཚུལ་ལ་འགྱུར་བ་གཏོང་བའི་བྱེད་སྒོ་སྤེལ་དགོས་ཤིང་། ལྷག་པར་དུ་ཆབ་སྲིད་སྒྲིག་སྲོལ་དང་ཆབ་སྲིད་ལུགས་སྲོལ་ལ་བརྩི་སྲུང་བྱེད་པའི་ལས་དོན་ལ་གཅིག་བསྡུས་ཐོག་དམ་འཛིན་བྱས་ཏེ། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་བྱ་རྒྱུར་ནུས་འབྲས་གསར་པ་ཟམ་མི་ཆད་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།