མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་ཡོ་ནན་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-29 11:03

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་བདུན་ཉིན་བར་ཡོ་ནན་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་མཛད། པར་འདི་ནི་ཚེས་ཉེར་དྲུག་ཉིན་ཡུས་ཀྲིན་ཧྲིན་གྱིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲོང་ལ་མཇལ་འཕྲད་གནང་བའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་བདུན་ཉིན་བར་ཡོ་ནན་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་མཛད་པ་དང་། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲོང་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀྲང་ཅིན་ཁྲོང་། སྲིད་གཞུང་གི་ཙུང་ལི་རོན་ཅིན་ཡུང་། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི་ལིས་ཧོང་དབྱིན་བཅས་ལ་མཇལ་འཕྲད་གནང་བར་མ་ཟད་ཡོ་ནན་མེས་རྒྱལ་འཐབ་ཕྱོགས་ཀྱི་ཀྲུའུ་ཞི་རོན་ཧྲན་རིན་དང་གྲོས་མོལ་མཛད།

ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ད་ཐེངས་བདག་གིས་ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མངག་བཅོལ་དང་དུ་བླངས་ཏེ་ཡོ་ནན་ལ་འཚམས་འདྲི་ཡོང་བ་དང་། ཏང་གཉིས་ཀྱི་མཐོ་རིམ་མགོ་ཁྲིད་པས་འབྲེལ་འདྲིས་དང་འགྲོ་འོང་བྱས་པ་བརྒྱུད་དེ་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱས་ནས། ཀྲུང་གོ་དང་ཡོ་ནན་བར་གྱི་འབྲེལ་བ་དེ་ཡང་དག་པའི་བགྲོད་ལམ་དུ་མུ་མཐུད་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ངེས་ཡིན་ཟེར།

ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཡོ་ནན་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པར་མ་ཟད་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་ལ། ཏང་གཉིས་ཀྱི་མཐོ་རིམ་མགོ་ཁྲིད་པས་འབྲེལ་འདྲིས་དང་འགྲོ་འོང་བྱེད་པ་དེས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་གཞན་གྱིས་ཚབ་བྱེད་ཐབས་མེད་པའི་ནུས་པ་གལ་ཆེན་འདོན་ངེས་ཡིན། རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་པའི་རྒྱལ་སྤྱི་དང་ས་གནས་ཀྱི་གནབ་བབ་ལ་དམིགས་ཏེ། ཕྱོགས་གཉིས་ཀྱི་མགོ་ཁྲིད་པས་ཕྱོགས་གཉིས་བར་གྱི་མཛའ་མཐུན་མཉམ་ལས་ཀྱི་བརྗོད་བྱ་གཙོ་བོ་གསལ་བོར་ཤེས་པར་བྱེད་དགོས། གཅིག ཕན་ཚུན་བར་གྱི་ཡིད་ཆེས་ཇེ་བརྟན་དུ་བཏང་ནས་ཐུན་མོང་གི་ལྟ་ཚུལ་ཇེ་མང་དུ་གཏོང་དགོས། གཉིས། གླེང་ཕྱོགས་མཛུབ་ཁྲིད་ལ་ཤུགས་བསྣན་ནས་མཚོ་ཐོག་གི་གནད་དོན་འོས་འཚམ་སྒོས་ཐག་གཅོད་དགོས། གསུམ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་ཟེར།

རོན་ཧྥུའུ་ཀྲོང་སོགས་ཡོ་ནན་ཕྱོགས་ཀྱི་མགོ་ཁྲིད་པས་བཤད་རྒྱུར། ཡོ་ནན་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་རེ་ལྔའི་རིང་ལ། ཕྱོགས་གཉིས་བར་གྱི་མཛའ་མཐུན་འབྲེལ་བ་དང་གཉིས་ཕན་མཉམ་ལས་རྒྱུན་འཁྱོངས་བྱས། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་མགོ་ཁྲིད་པས་བཏོན་པའི་ཐུན་མོང་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད། ཡོ་ནན་ཕྱོགས་ཀྱིས་རྣམ་དག་མཛའ་མཐུན་གྱི་སྙིང་སྟོབས་ལ་བརྟེན་ནས་མཚོ་ཐོག་གི་གནད་དོན་སོགས་འོས་འཚམ་སྒོས་ཐག་གཅོད་འདོད་ཡོད་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག