མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-25 10:56

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་བཞི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་བཞི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ལིས་ཁི་ཆང་གིས་གསུང་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ས་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་གི་དར་གོས་ཚོང་ལམ་དེ་ཨེ་ཅིབ་ཀྱིས་ད་ལྟ་འཆར་འགོད་བྱེད་པའི་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་ཀྱི་གོ་སྐབས་དང་འཕྲད་ཡོད་པས། ཕྱོགས་གཉིས་ཀྱིས་ཕན་ཚུན་ཁ་གསབ་འདོན་སྤེལ་བཟང་བོ་བྱས་ཏེ་ཐོན་ནུས་མཉམ་ལས་རྒྱ་བསྐྱེད་ནས་དཔལ་འབྱོར་འཕེལ་རྒྱས་དང་ལས་ཞུགས་ཇེ་མང་དུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཧུར་ཐག་སྒོས་ཨེ་ཅིབ་ཀྱི་མྱུར་བགྲོད་གཞུང་ལམ་དང་ལྕགས་ལམ། མཚོ་འོག་སྦུགས་ལམ་སོགས་ལས་གཞི་ཆེན་པོ་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་ཞུགས་ནས། སུའུ་དབྱི་ཧྲི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མི་གཞུང་བརྗེ་རེས་ལ་སྔར་ལས་ཤུགས་བསྣན་ནས་ཀྲུང་གོ་དང་ཨེ་ཅིབ་བར་གྱི་མཛའ་མཐུན་འབྲེལ་བའི་རྨང་གཞི་སྲ་བརྟན་དུ་གཏོང་འདོད་ཡོད་ཟེར།

སེ་ཞི་ཡིས་བཤད་རྒྱུར། ཨེ་ཅིབ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ཧ་ཅང་རྒྱ་ཆེ། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པ་དང་། ལྷག་པར་དུ་ཐོན་ནུས་དང་དངུལ་གཏོང་སོགས་ཀྱི་མཉམ་ལས་ཤུགས་སྣོན་འདོད་ཡོད་པར་མ་ཟད། ཀྲུང་གོའི་ཁེ་ལས་མང་པོ་ཨེ་ཅིབ་ཀྱི་ལས་གཞི་ཆེན་པོའི་འཛུགས་སྐྲུན་ཁྲོད་དུ་ཞུགས་ནས། ཨེ་ཅིབ་དང་ཀྲུང་གོའི་འབྲེལ་བའི་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག