མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རིག་གནས་པུས་དྲ་རྒྱའི་རིག་གནས་ཐོན་རྫས་ཀྱི་མ་རབས་ཐ་ཤལ་གྱི་སྤྱོད་ཚུལ་བཅོས་སྒྲིག་བྱས་པ།

ཁྲིམས་འགལ་སྒྲིག་འགལ་གྱི་འཕྲིན་སྦྲེལ་དྲ་བའི་རིག་གནས་བྱེད་སྒོ་ཁག་ཉི་ཤུ་རྩ་གཉིས་ཀྱི་ཞིབ་བཤེར་ཐག་གཅོད་ལས་དོན་བཀོད་སྒྲིག་བྱས་ཏེ་སྤེལ་བ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-12-06 11:05

    ཟླ་12 ཚེས་2ཉིན་རིག་གནས་པུས་པེ་ཅིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་ཁྲིམས་འགལ་སྒྲིག་འགལ་གྱི་འཕྲིན་སྦྲེལ་དྲ་བའི་རིག་གནས་བྱེད་སྒོ་ཁག་ཉི་ཤུ་རྩ་གཉིས་ཀྱི་ཞིབ་བཤེར་ཐག་གཅོད་ལས་དོན་སྤེལ་ཏེ་ཆགས་སྲེད་དང་རྒྱན་འགྱེད་དང་སྤྱི་ཚོགས་ཀྱི་ཀུན་སྤྱོད་ལས་འགལ་བ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་ནང་དོན་མཁོ་འདོན་བྱེད་མཁན་ལ་རྡུང་རྡེག་གཏོང་བའི་འཕྲིན་སྦྲེལ་དྲ་བའི་རིག་གནས་བྱེད་སྒོ་སྤེལ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

    རིག་གནས་པུའུ་ཡི་ཁྲོམ་ར་སིའི་སི་ཀྲང་གཞོན་པ་ལིའུ་ཆང་གིས་ད་ཐེངས་ཀྱི་ཞིབ་བཤེར་ཐག་གཅོད་བྱ་སྤྱོད་དེ་ནང་དོན་ཕྱོགས་གཉིས་དང་གཙོ་གནད་ཐོག་འབྲེལ་བ་ཡོད་པ་སྟེ།གཅིག་ནི་ལག་ཐོགས་ཁ་པར་གྱི་རོལ་རྩེད་སྟེགས་བུས་མཁོ་འདོན་བྱས་པའི་རོལ་རྩེད་ཐོན་རྫས་ཡིན་པ་དང་གཉིས་ནི་དྲ་རྒྱའི་འགུལ་བརྙན་དྲ་ཚིགས་ཐོག་མཁོ་འདོན་བྱས་པའི་འགུལ་བརྙན་ཐོན་རྫས་ཡིན་ཞེས་བཤད་པ་རེད།ཁོང་གིས་དུས་འགོའི་བརྟག་ཞིབ་ལས་དོན་སྤེལ་བ་བརྒྱུད་རིག་གནས་ཁྲིམས་སྐྱོང་སྡེ་ཚན་གྱིས་ལག་ཐོགས་ཁ་པར་གྱི་རོལ་རྩེད་སྟེགས་བུའི་ཐོག་བརྒྱུད་སྤེལ་བྱས་པའི་ལག་ཐོགས་ཁ་པར་གྱི་རོལ་རྩེད་འགའ་ཞིག་ལ་ཁྲིམས་འགལ་སྒྲིག་འགལ་གྱི་ནང་དོན་ཡོད་པ་ཤེས་རྟོགས་ཐུབ་པ་དེའི་ནང་ཧྲེན་ཀྲེན་གྲོང་ཁྱེར་ཐེང་ཤུན་རྩིས་རྒྱག་འཕྲུལ་ཆས་མ་ལག་ཚད་ཡོད་ཀུང་སིའི“བཀོལ་སྤྱོད་འབོ”དང་།ཧྲང་ཧའེ་ཤོན་ཅིས་དྲ་རྒྱ་ཚན་རྩལ་ཚད་ཡོད་ཀུང་སིའི“མཉམ་བགྲོད་ཁྱབ་གདལ”པེ་ཅིང་པའེ་ཏུའུ་དབྱི་ཤུན་ཚན་རྩལ་ཚད་ཡོད་ཀུང་སིའི“པའེ་ཏུའུ་བཀོལ་སྤྱོད”པེ་ཅིང་ཆི་ཧུའུ་ཚན་རྩལ་ཚད་ཡོད་ཀུང་སིའི“360ལག་ཐོགས་ཁ་པར་གྱི་རོལ་རྩེད་དྲ་བ”སོགས་ཀུང་སི་11ལ་རྒྱན་འགྱེད་དང་།ཆགས་སྲེད།གཏུམ་སྤྱོད།སྤྱི་ཚོགས་ཀྱི་ཀུན་སྤྱོད་ལས་འགལ་བ་སོགས་ཀྱི་སྒྲིག་འགལ་ནང་དོན་ཁྱབ་སྤེལ་བྱེད་པའི་རོལ་རྩེད་ཐོན་རྫས་ཡོད་པའི་དོགས་པ་ཡོད་ཅེས་བཤད་པ་རེད།

    ལིའུ་ཆང་གིས་ཁྲིམས་འགལ་སྒྲིག་འགལ་གྱི་དྲ་རྒྱའི་འགུལ་བརྙན་ཐོན་རྫས་ལ་ཞིབ་བཤེར་ཐག་གཅོད་བྱེད་པར་གཙོ་གནད་ནི་རྒྱལ་ནང་གི་དྲ་རྒྱའི་འགུལ་བརྙན་ཁྲོམ་རའི་མ་རབས་ཐ་ཤལ་གྱི་སྤྱོད་ཚུལ་ལ་རྡུང་རྡེག་གཏོང་བ་དང་གཙང་སེལ་བྱ་རྒྱུ་དེ་ཡིན་ཞིང་།དྲ་རྒྱའི་འགུལ་བརྙན་ཐོན་རྫས་ནང་གཏུམ་སྤྱོད་ཀྱི་ནང་དོན་ལྡན་པའམ་ཡང་ན་ཤུགས་བསྟན་དང་བསྙད་རྐོ་བའི་བྱ་ཐབས་ཐོག་ནས་མ་རབས་ཀྱི་ཚོར་སྣང་འཕེལ་ཐུབ་པ་བྱེད་ཀྱི་ཡོད།འགུལ་བརྙན་དྲ་ཚིགས་འགའ་ཞིག་གིས་ད་དུང“ཐེར་འདོན”བྱེད་སྟངས་བཀོད་སྒྲིག་བྱས་པར་དྲ་གྲོགས་ཚོས་འགུལ་བརྙན་ཐོན་རྫས་ཀྱི་སྟོང་ཆ་གང་སར་དཔྱད་གཏམ་གང་རུང་སྤེལ་ཆོག་པ་ལས་ནང་དོན་ལ་ཚོད་འཛིན་མ་བྱས་སྟབས་དྲ་གྲོགས་ཀྱི་སྐད་ཆའི་ནང་མ་རབས་ཐ་ཤལ་གྱི་པར་རིས་དང་དམར་རྗེན་གྱི་ཚིག་ངན་པ་ཐོན་གྱི་ཡོད།ནང་དོན་དེ་རིགས་ལྟ་མཁན་གྱི་དྲ་གྲོགས་གཞན་དག་གིས་དཔྱད་གཏམ་དེ་མཐོང་རྗེས་མུ་འབྲེལ་གྱི་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད།དྲ་རྒྱའི་འགུལ་བརྙན་ཐོན་རྫས་ལྟ་མཁན་ཚོགས་སྤྱི་གཙོ་བོ་ནི་ན་སོ་དར་ལ་མ་བབས་པའི་མི་ཡིན་པས་དྲ་རྒྱའི་འགུལ་བརྙན་གྱི་མ་རབས་ཐ་ཤལ་གྱི་སྤྱོད་ཚུལ་གྱིས་ན་སོ་དར་ལ་མ་བབས་པའི་མིའི་ལུས་སེམས་བདེ་ཐང་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་གི་ཡོད་ཅེས་བཤད་པ་རེད།

    དྲ་རྒྱའི་འགུལ་བརྙན་ཁྲོམ་རར་ཐོན་པའི་མ་རབས་ཐ་ཤལ་གྱི་སྤྱོད་ཚུལ་ལ་དམིགས་ཏེ་རིག་གནས་པུས་རྒྱལ་ཡོངས་ཀྱི་རིག་གནས་ཁྲོམ་རའི་ཁྲིམས་སྐྱོང་སྟོབས་ཤུགས་ཧྲག་པོ་སྒྲིག་འཛུགས་བྱས་ནས་རྒྱལ་ནང་གི་མིང་གྲལ་མདུན་དུ་སླེབས་པའི་དྲ་རྒྱའི་འགུལ་བརྙན་དྲ་ཚིགས་རེ་རེ་བཞིན་གྲལ་བཤེར་བྱས་པར་ཧྲེན་ཀྲེན་གྲོང་ཁྱེར་ཐེང་ཤུན་རྩིས་རྒྱག་འཕྲུལ་ཆས་མ་ལག་ཚད་ཡོད་ཀུང་སིའི“ཐེང་ཤུན་འགུལ་བརྙན”དང་།ཀྲུང་གོ་གློག་འཕྲིན་མ་རྐང་ཚད་ཡོད་ཀུང་སིའི་ཁྱིམ་ཚང་སྤྱོད་མཁན་བྱ་གཞག་པུའི“འགུལ་བརྙན་ལ་དགའ”ཧུའུ་པེ་ཀྲི་དབྱིན་སྨྱན་སྦྱོར་དྲ་རྒྱ་ཚད་ཡོད་འགན་འཁྲི་ཀུང་སིའི“འགུལ་བརྙན་ཁང”སོགས་དྲ་ཚིགས་21གིས་མཁོ་འདོན་བྱས་པའི་འགུལ་བརྙན་ཐོན་རྫས་ནང་ལ་ལར་གཏུམ་སྤྱོད་དང་འཇིགས་སྐུལ་གྱི་ནང་དོན་ཡོད་པ་དང་ལ་ལས་རྐང་བཙུགས་ཏེ་གཡེམ་སྦྱོར་ཆགས་སྲེད་ཀྱི་ནང་དོན་ཟུར་དུ་བསྟན་པ་དེས་སྤྱི་ཚོགས་ཀུན་སྤྱོད་ཀྱི་མ་མཐའི་མཚམས་ཐིག་དང་སྲོལ་བཟང་ལས་རྦད་དེ་རྒྱབ་འགལ་བྱས་པ་དེ《འཕྲིན་སྦྲེལ་དྲ་བའི་རིག་གནས་དོ་དམ་གྱི་གནས་སྐབས་ལག་བསྟར་གཏན་འབེབས》ཀྱི་དོན་ཚན་བཅུ་དྲུག་པའི་ནང་གསེས་བདུན་པ་དང་དགུ་པའི་གཏན་འབེབས་ཀྱི་བཀག་སྡོམ་བྱས་པའི་ནང་དོན་གྲས་སུ་གཏོགས་པ་རེད།

རྩོམ་སྒྲིག་པ། མགོན་པོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག