མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་དང་པོའི་སྐབས་ཞིས་ཅིན་ཕིང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས།

རྩ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་སྟེ་རྩ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

ཀྲང་ཏེ་ཅང་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-12-06 11:05

    རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་དང་པོ་འཆར་ཉེར་ཡོད་པའི་དུས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ཞིང་།ཁོང་གིས་རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་དང་།རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིགཏང་དང་མི་དམངས་ཀྱི་བློ་སྟོབས་ཀྱི་གཅིག་སྡུད་མཚོན་ཚུལ་བཅས་ཡིན་པ་དེར་བཅའ་ཁྲིམས་ཀྱི་གནས་བབ་དང་།བཅའ་ཁྲིམས་ཀྱི་དབང་གྲགས།བཅའ་ཁྲིམས་ཀྱི་ནུས་ཆོད་བཅས་ཆེ་ཤོས་ལྡན་ཡོད།རང་རྒྱལ་གྱི་རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པ་དང་།དོན་དངོས་དང་མཐུན་པ།དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པ་བཅས་ཀྱི་རྩ་ཁྲིམས་བཟང་པོ་ཞིག་དང་།རང་རེའི་རྒྱལ་ཁབ་དང་མི་དམངས་ཀྱིས་དཀའ་ངལ་དང་ཉེན་ཁའི་ཚོད་བགམ་སྣ་ཚོགས་ཐེག་པར་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་མདུན་སྐྱོད་བྱེད་པའི་རྩ་བའི་ཁྲིམས་ལུགས་ཀྱི་འགན་ལེན་ཞིག་ཡིན།ཁྲིམས་ལྟར་རྒྱལ་སྐྱོང་མཐའ་འཁྱོངས་བྱེད་པར་དང་ཐོག་རྩ་ཁྲིམས་ལྟར་རྒྱལ་སྐྱོང་མཐའ་འཁྱོངས་བྱེད་དགོས་པ་དང་།ཁྲིམས་ལྟར་སྲིད་འཛིན་མཐའ་འཁྱོངས་བྱེད་པར་དང་ཐོག་རྩ་ཁྲིམས་ལྟར་སྲིད་འཛིན་མཐའ་འཁྱོངས་བྱེད་དགོས།ཏང་གི་འགོ་ཁྲིད་དང་།མི་དམངས་རང་ཐག་རང་གཅོད།ཁྲིམས་ལྟར་རྒྱལ་སྐྱོང་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་དང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུའི་ཐོག་བསྐྱོད་དེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་བཙུགས་པ་གོ་སྐབས་སུ་བྱས་ཏེ་རྩ་ཁྲིམས་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་དང་།རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ།རྩ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ་རྩ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་།སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ།ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་ནང་རྩ་ཁྲིམས་ཀྱི་ནུས་པ་གལ་ཆེན་དེ་བས་ལེགས་པའི་ངང་འདོན་སྤེལ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཚེས་3ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་།རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་།ཁྲིམས་འཛིན་པུའུ་བཅས་ཀྱིས་པེ་ཅིང་དུ“རྩ་ཁྲིམས་དྲིལ་བསྒྲགས་དང་སློབ་གསོ་གཏིང་ཟབ་སྤེལ་ནས་རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་དགོས”ཞེས་པའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་།ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་ནང་རྩ་ཁྲིམས་ཀྱི་གནས་བབ་གལ་ཆེན་རྒྱས་བཤད་གཏིང་ཟབ་དང་རྩ་ཁྲིམས་ཀྱི་ནུས་པ་གལ་ཆེན་གསལ་སྟོན་གནང་ཡོད་པས་དུས་བབ་གསར་པའི་འོག་རྩ་ཁྲིམས་དྲིལ་བསྒྲགས་དང་སློབ་གསོར་ཤུགས་སྣོན་དང་།རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་།རྩ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར།རྩ་ཁྲིམས་ཀྱི་ནུས་པ་དེ་བས་ལེགས་པའི་ངང་འདོན་སྤེལ་བཅས་བྱེད་པའི་ཐད་དེ་བས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད།ང་ཚོས་ངེས་པར་དུ་སློབ་སྦྱོང་ནན་ཏན་དང་།གོ་བ་གཏིང་ཟབ་ལེན་པ།ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཀྲང་ཏེ་ཅང་གིས་དུས་བབ་གསར་པ་དང་ལས་འགན་གསར་པས་ང་ཚོར་རྩ་ཁྲིམས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་དང་རྩ་ཁྲིམས་དྲིལ་བསྒྲགས་སློབ་གསོ་དེ་རྒྱུན་གཏན་ཅན་དང་ཕུགས་ཕན་ཅན་ལ་འགྱུར་རྒྱུར་སྐུལ་འདེད་བཏང་ནས་རྩ་ཁྲིམས་ཀྱི་སྙིང་སྟོབས་མི་སེམས་ལ་གཏིང་ཟབ་ཟུག་པ་དང་རྩ་ཁྲིམས་ཀྱི་སྙིང་སྟོབས་ལ་བརྟེན་ཏེ་སེམས་ནུས་གོང་བུ་འགྲིལ་བ་བྱེད་དགོས་པའི་དགོས་གཏུགས་ཀྱི་བླང་བྱ་བཏོན་ཡོད།རྩ་ཁྲིམས་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བར་ཀྲུང་གོའི་ཉེ་རབས་དང་དེང་རབས་ལོ་རྒྱུས་དང་།ལྷག་པར་དུ་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཡུན་རིང་འབད་འཐབ་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རང་རྒྱལ་གྱི་རྩ་ཁྲིམས་གྲུབ་པས་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་ལ་ངོས་འཛིན་གཏིང་ཟབ་དང་།རང་རྒྱལ་རྩ་ཁྲིམས་ཀྱི་གཏིང་ཟབ་པའི་གཞི་རྩ་དང་ཕུན་སུམ་ཚོགས་པའི་ནང་དོན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་།རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རང་རྒྱལ་རྩ་ཁྲིམས་ཀྱི་ནུས་པ་ཧ་ཅང་ཆེན་པོ་དང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་།རང་རྒྱལ་རྩ་ཁྲིམས་དང་སྒྱུར་བཅོས་སྒོ་དབྱེ་མཉམ་འགྲོགས་དང་བདེ་སྡུག་མཉམ་མྱོང་གི་གཅིག་རམ་གཅིག་འདེགས་ཀྱི་འབྲེལ་བར་ངོས་འཛིན་གཏིང་ཟབ་བྱེད་དགོས་པ།རང་རྒྱལ་གྱིས་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ལག་ལེན་དངོས་ཀྱི་གྲུབ་འབྲས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཁྲིམས་སྐྱོང་མ་ལག་ཁྲོད་ཀྱི་རང་རྒྱལ་རྩ་ཁྲིམས་ཀྱི་གོང་བཀུར་གནས་བབ་དང་དབང་གྲགས་མཐོ་ཤོས་ལ་ངོས་འཛིན་གཏིང་ཟབ་དང་།“ཁྲིམས་ལྟར་རྒྱལ་སྐྱོང་མཐའ་འཁྱོངས་བྱེད་པར་དང་ཐོག་རྩ་ཁྲིམས་ལྟར་རྒྱལ་སྐྱོང་མཐའ་འཁྱོངས་བྱེད་དགོས་པ།ཁྲིམས་ལྟར་སྲིད་འཛིན་མཐའ་འཁྱོངས་བྱེད་པར་དང་ཐོག་རྩ་ཁྲིམས་ལྟར་སྲིད་འཛིན་མཐའ་འཁྱོངས་བྱེད་དགོས་པའི”དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རྩ་ཁྲིམས་དང་རྒྱལ་ཁབ་ཀྱི་འབྱུང་འགྱུར་ཁ་ཕྱོགས་དང་འཕེལ་རྒྱས་ཀྱི་དམིགས་ཚད་དབར་ཕན་ཚུན་དམ་པོར་འབྲེལ་བར་ངོས་འཛིན་གཏིང་ཟབ་དང་རྩ་ཁྲིམས་ཀྱི་རྩ་དོན་སྲུང་བ་དང་།རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ།རྩ་ཁྲིམས་ཀྱི་འགན་འཁྲི་སྒྲུབ་པ་བཅས་ཀྱི་དོན་སྙིང་དང་འགན་འཁྲི་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད།

    ཀྲང་ཏེ་ཅང་གིས་རྩ་ཁྲིམས་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་དང་རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བའི་དམིགས་ཡུལ་ནི།རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་བརྟན་པོ་འཛུགས་པ་དང་རྩ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན་ཞིང་།གཅིག་ནས་ཏང་གི་བྱ་གཞག་དང་།མི་དམངས་ཀྱི་ཁེ་ཕན།རྩ་ཁྲིམས་དང་བཅའ་ཁྲིམས་གོང་དུ་བཀུར་བ་བཅས་མཐའ་འཁྱོངས་ཀྱིས་གཞུང་དོན་སྒྲུབ་མཁན་གྱི་རྩ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་པ་དང་།གཉིས་ནས་རྩ་ཁྲིམས་ལྟེ་བར་བྱས་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ་དང་ཆ་ལག་ཚང་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྟེན་ནས་རྩ་ཁྲིམས་ལག་བསྟར་བྱ་རྒྱུར་སྐུལ་འདེད་དང་ཤུགས་སྣོན་རྒྱག་དགོས་པ།གསུམ་ནས་རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་བཏང་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ནུས་ལྡན་ངང་ལག་བསྟར་བྱ་རྒྱུ་འགན་ལེན་ཏན་ཏིག་བྱེད་དགོས་པ།བཞི་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་ཏང་གི་འགོ་ཁྲིད་བྱེད་སྟངས་དང་སྲིད་འཛིན་སྟངས་ལ་དེ་བས་སྣང་ཆེན་དང་ལེགས་སུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བའི《ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ནང་ལོ་རེའི་ཟླ་12ཚེས་4ཉིན་དེ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོར་གཏན་འཁེལ་བྱ་རྒྱུ་རེད་ཅེས་བཏོན་ཡོད།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཐོག་བརྡས་ཐག་གཅོད་པ་དང་གྲོས་འཆམ་བྱས་ཏེ་ཟླ་12ཚེས་4ཉིན་དེ་རྒྱལ་ཁབ་རྩ་ཁྲིམས་ཉིན་མོར་གཏན་འཁེལ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

རྩོམ་སྒྲིག་པ། མགོན་པོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག