མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བདུན་པ་འཚོགས་ནས།

གཞི་རིམ་མང་ཚོགས་ཀྱིས་བསམ་བློ་བཅིངས་འགྲོལ་དང་འཚོལ་ཞིབ་ཧུར་ཐག་བྱ་རྒྱུར་ལྕག་སྐུལ་བྱས་ཏེ་སྒྱུར་བཅོས་ཀྱི་མཐོ་རིམ་ཇུས་འགོད་དང་གཞི་རིམ་གྱི་འཚོལ་ཞིབ་གཉིས་ཀྱི་མཉམ་འགུལ་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

ལི་ཁེ་ཆང་དང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་འདུར་ཕེབས་པ།

  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  2014-12-06 11:04

    ཟླ་12ཚེས་2ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི།ཀྲུང་དབྱང་གི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བདུན་པ་འཚོགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་།ཁོང་གིས་ངོས་འཛིན་དང་ལག་ལེན་དངོས་ཀྱི་སྒྱུར་བཅོས་སྒོ་དབྱེའི་ཚད་བརྒལ་དང་འཕེལ་རྒྱས་ཚང་མ་མི་དམངས་མང་ཚོགས་ཀྱི་ལག་ལེན་དངོས་དང་བློ་གྲོས་ལས་བྱུང་བ་ཞིག་རེད།ས་གནས་དང་།གཞི་རིམ།མང་ཚོགས་བཅས་ཀྱིས་བསམ་བློ་བཅིངས་འགྲོལ་དང་འཚོལ་ཞིབ་ཧུར་ཐག་བྱ་རྒྱུར་ལྕག་སྐུལ་དང་།ས་ཁོངས་མི་འདྲ་བས་དབྱེ་བ་ཡོད་པའི་ཚོད་ལྟ་བྱ་རྒྱུར་ལྕག་སྐུལ།མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་མདོ་གནད་དང་མི་སེར་གྱི་འཚོ་བའི་དཀའ་གནད་ཁྲོད་ནས་སྒྱུར་བཅོས་ཀྱི་འཇུག་གཞི་འཚོལ་མཁས་པོ་བཅས་བྱས་ཏེ་མཐོ་རིམ་ཇུས་འགོད་དང་གཞི་རིམ་གྱི་མཉམ་འགུལ་བཟང་པོ་དང་ཟུང་འབྲེལ་དམ་ཟབ་ཐད་འཚོལ་ཞིབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་གི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལི་ཁེ་ཆང་དང་།ལིའུ་ཡུན་ཧྲན།ཀྲང་ཀའོ་ལི་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཚོགས་འདུའི་ཐོག《གྲོང་གསེབ་ཀྱི་ས་ཆ་བསྡུ་ལེན་དང་།མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་ཆ་ཁྲོམ་རར་ཞུགས་རྒྱུ།ཁང་སའི་ལམ་ལུགས་སྒྱུར་བཅོས་ཚོད་ལྟའི་ལས་དོན་བཅས་སྐོར་གྱི་བསམ་འཆར》དང《དེང་རབས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》《རྫོང་རིམ་པ་མན་གྱི་ལས་ཁུངས་སུ་གཞུང་ལས་པའི་གོ་གནས་དང་འགན་རིམ་མཉམ་དུ་ལག་བསྟར་བྱེད་པའི་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་བསམ་འཆར》《ཀྲུང་དབྱང་སྒྲིག་ཨུད་ཀྱི་མངགས་སྡོད་སྒྲིག་གཞི་འཛུགས་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཅས་ལ་གྲོས་ཞིབ་བྱས་པ་དང་།《ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སྐོར་སྐྱོད་ཁྲིམས་ར་འཛུགས་རྒྱུའི་ཚོད་ལྟའི་ཇུས་གཞི》དང《སྲིད་འཛིན་ཁུལ་དབྱེ་ལས་བརྒལ་བའི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་འཛུགས་རྒྱུའི་ཚོད་ལྟའི་ཇུས་གཞིར》གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་བྱུང་བ་རེད།ཚོགས་འདུའི་ཐོག་གྲོས་བསྡུར་བྱས་པའི་གནས་ཚུལ་ལ་གཞིགས་ཏེ་སྔར་བས་བཟོ་བཅོས་དང་འཐུས་ཚང་དུ་བཏང་རྗེས་གོ་རིམ་ལྟར་སྙན་སེང་བཀའ་འཁྲོལ་ཞུ་བ་དང་ལག་བསྟར་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།

    ཚོགས་འདུའི་ཐོག་ས་ཆའི་ལམ་ལུགས་ནི་རྒྱལ་ཁབ་ཀྱི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་ཤིག་ཡིན་ཞིང་།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོང་གསེབ་ཀྱི་ས་ཆའི་ལམ་ལུགས་སྒྱུར་བཅོས་ཀྱི་ཁ་ཕྱོགས་དང་ལས་འགན་གསལ་བཏོན་བྱས་ཡོད།སྒྱུར་བཅོས་ཁག་གསུམ་པོ་དེ་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ལམ་ལུགས་དང་གྲོང་མི་རང་སྐྱོང་ལམ་ལུགས་སོགས་ལམ་ལུགས་གལ་ཆེན་རབ་དང་རིམ་པ་དང་འབྲེལ་བ་ཡོད་པ་དང་།གྲོང་ཁྱེར་དང་གྲོང་རྡལ་ཅན་དང་ཞིང་ལས་དེང་རབས་ཅན་གྱི་འཕེལ་རིམ་དང་འབྲེལ་བ་ཡོད།ཞིང་པའི་ཁེ་དབང་ཐོག་མཐའ་བར་གསུམ་དུ་སྲུང་སྐྱོང་ཡག་པོ་དང་།མངོན་འགྱུར་ཡག་པོ།འཕེལ་རྒྱས་ཡག་པོ་བཅས་ཡོང་བ་བྱ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ་ས་ཆ་སྤྱི་དབང་ལམ་ལུགས་ཀྱི་ངོ་བོ་མི་འགྱུར་བ་དང་།རྨོ་ཞིང་གི་དམར་ཐིག་ལས་མི་བརྒལ་བ།ཞིང་པའི་ཁེ་ཕན་ལ་གནོད་འཚེ་མི་ཕོག་པ་བཅས་མ་མཐའི་མཚམས་ཐིག་གསུམ་མཐའ་འཁྱོངས་ཀྱིས་ཚོད་ལྟ་བྱེད་པའི་རྨང་གཞིའི་ཐོག་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས།ས་ཆ་བསྡུ་ལེན་དང་།མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་ཆ་ཁྲོམ་རར་ཞུགས་རྒྱུ།ཁང་སའི་ལམ་ལུགས་སྒྱུར་བཅོས་བཅས་འབྲེལ་བ་དམ་ཟབ་ཡོད་པས་གཅིག་གྱུར་བཀོད་སྒྲིག་དང་བླང་བྱ་འདོན་ཆོག་མོད།འོན་ཀྱང་ཚོད་ལྟའི་ལས་དོན་སྤེལ་རིང་རིགས་དབྱེའི་ལག་བསྟར་བྱེད་དགོས།རྨོ་ཞིང་མུའུ་དུང་ཕྱུར་18ཀྱི་དམར་ཐིག་ནན་པོ་སྲུང་རྒྱུ་ནི་གྲོང་གསེབ་ཀྱི་ས་ཆའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་མ་མཐའི་མཚམས་ཐིག་ཅིག་དང་སྔོན་འགྲོའི་ཆ་རྐྱེན་ཆེན་པོ་ཞིག་ཡིན་པས་དབང་ཚད་ལས་གཏན་ནས་འགལ་མི་རུང་།ཁང་སའི་ལམ་ལུགས་སྒྱུར་བཅོས་ཀྱི་ཚོད་ལྟའི་ཆ་རྐྱེན་དང་ཁྱབ་ཁོངས་ཀྱི་འགག་སྒོ་ནན་པོ་སྲུང་ནས་ཞིང་པའི་ཁེ་ཕན་ལ་གནོད་འཚེ་མི་ཕོག་པ་བྱེད་པ་དང་ཆབས་ཅིག་ཁང་སའི་བེད་སྤྱོད་དབང་ཆ་ཕྱིར་འཐེན་བྱ་རྒྱུ་དེ་གྲོང་ཁྱེར་དུ་གཞིས་ཆགས་པའི་ཆ་རྐྱེན་ལ་བརྩིས་མི་རུང་།དེ་ནི་སྤྱི་ཚོགས་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས་ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་དང་ས་གནས་ཀྱིས་མཛུབ་ཁྲིད་དང་ལྟ་སྐུལ་ལ་ཤུགས་སྣོན་དང་ཚོད་ལྟའི་ཆ་རྐྱེན་སྟངས་འཛིན་ནན་པོ་བྱེད་དགོས་པའི་མཛུབ་སྟོན་བྱས་པ་རེད།

    ཚོགས་འདུའི་ཐོག་དེང་རབས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་རྒྱུ་དེ་མི་དམངས་མང་ཚོགས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་འགན་ལེན་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་པའི་ལམ་ལུགས་ཀྱི་འཆར་འགོད་གལ་ཆེན་ཞིག་ཡིན།དེང་རབས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་རྒྱུ་དེ་དམངས་སེམས་ཀྱི་འདུ་འགོད་ཅིག་ལ་བརྩིས་ནས་སྲིད་གཞུང་གིས་གཙོ་ཁྲིད་དང་།སྤྱི་ཚོགས་ཞུགས་པ།མཉམ་གཏོད་མཉམ་སྤྱོད་བཅས་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་དང་ས་ཁོངས་རིག་གནས་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྤྱི་འདོམས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ་དང་།སྟབས་བདེ་ལ་ཕན་འབྲས་ཆེ་བ།གཞི་རྩ་འགན་ལེན།འདྲ་མཉམ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་དེང་རབས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་མགྱོགས་མྱུར་ཆགས་པ་བྱེད་དགོས།མི་དམངས་ལྟེ་བར་བྱེད་པའི་ལས་དོན་གྱི་ཁྲིད་སྟོན་བརྟན་པོ་འཛུགས་པ་དང་།སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ།དུས་སྐབས་གསར་པའི་མི་དམངས་མང་ཚོགས་ཀྱི་རིག་གནས་ཀྱི་དགོས་མཁོ་དང་ཁྱད་ཆོས་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་བཅས་བྱས་ཏེ་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ་དང་།སྲོལ་རྒྱུན་རིག་གནས་གསར་གཏོད་བྱེད་པ།གོ་བདེ་བའི་རིག་གནས་ལ་རོགས་སྐྱོར་བྱེད་པ།དར་ཁྱབ་ཆེ་བའི་རིག་གནས་ལ་ཁྲིད་སྟོན་བྱེད་པ།རྗེས་ལུས་ཀྱི་རིག་གནས་ལེགས་སུ་གཏོང་བ།གནོད་ཡོད་རིག་གནས་བཀག་འགོག་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་བསམ་པའི་སྒུལ་ཤུགས་དང་རིག་གནས་ཀྱི་འདེགས་སྐྱོར་ཆེན་པོ་མཁོ་འདོན་བྱེད་དགོས།སྒྲིག་གཞི་དང་ལམ་སྲོལ་གསར་གཏོད་ལ་སྣང་ཆེན་བྱེད་པའི་འགག་རྩ་ནི་སྤྱི་པའི་རིག་གནས་དང་ལུས་རྩལ་གྱི་སྒྲིག་བཀོད་དང་ཞབས་ཞུའི་ཐོན་ཁུངས་བསྡུ་སྒྲིལ་དང་བེད་སྤྱོད་ཡག་པོ་བྱས་ཏེ་དངོས་ཤུགས་གང་ཡོད་སྤྱོད་པ་དང་མི་ནུས་གང་ཡོད་སྤྱོད་དགོས།ལས་ཀའི་ལྟེ་བ་དེ་གཞི་རིམ་དུ་འཇོག་པ་དང་དབུལ་པོའི་ས་ཁུལ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་རྒྱུར་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་སྟེ་དཀའ་ངལ་ཡོད་པའི་མང་ཚོགས་སོགས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག་གོ་གནས་ཕུད་པའི་འགན་རིམ་སྤོར་བའི་བགྲོད་ལམ་གཏོད་རྒྱུ་དེ་རྒྱ་ཆེའི་གཞི་རིམ་གཞུང་ལས་པའི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱ་རྒྱུར་ཕན་པ་ཡོད་པ་དང་གཞི་རིམ་གཞུང་ལས་པར་བྱ་བཟང་དང་བྱ་བ་དངོས་སྒྲུབ་པ་ཞིག་ཡིན་པས་ངེས་པར་དུ་བྱ་བཟང་དེ་ཡག་པོ་སྒྲུབ་དགོས།རྒྱལ་ཡོངས་ཀྱི་རྫོང་རིམ་པ་མན་གྱི་ལས་ཁུངས་སུ་སྒྱུར་བཅོས་དེ་ལག་བསྟར་བྱེད་པ་དང་ཚོད་ལྟའི་ལས་དོན་གྱི་ཉམས་མྱོང་ལ་ཕྱོགས་སྡོམ་དང་།བྱེད་ཐབས་བཟང་པོ་མཐའ་འཁྱོངས།མི་འདང་བའི་ཆ་ལེགས་སུ་གཏོང་བ།སྒྲིག་འཛུགས་དང་ལག་བསྟར་བྱ་རྒྱུར་དམ་འཛིན་ནན་ཏན་བཅས་བྱེད་དགོས་པའི་མཛུབ་སྟོན་བྱས་པ་རེད།

    ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ཆད་པ་བཅད་ཡོད།ཏང་སྲོལ་སྲིད་གཙང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་མུ་མཐུད་དམ་འཛིན་བྱེད་དགོས།དམ་བསྒྲགས་དང་དྲག་རྡུང་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱེད་པ་ཕུད་ད་དུང་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།ཁྱོན་ཡོངས་ལ་མངགས་སྡོད་བྱ་རྒྱུ་མངོན་འགྱུར་ཡོང་བ་བྱེད་པར་ཏང་ནང་ཁུལ་གྱི་ལྟ་སྐུལ་ཐད་ག་ཆ་མ་ས་པ་དང་ང་ཆ་མ་ས་པ་བྱེད་དགོས།མངགས་སྡོད་ལྟ་སྐུལ་ནི་ཀྲུང་དབྱང་སྒྲིག་ཨུད་ཀྱི་སྒྲིག་བཤེར་འགན་ནུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་།མངགས་སྡོད་སྒྲིག་གཞིའི་ལས་དོན་གཙོ་བོ་ནི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་བྱ་རྒྱུ་དེ་ཡིན་པ་དང་།འགན་འཁྲི་ཨང་དང་པོ་ནི་ལྟ་སྐུལ་དང་།སྒྲིག་ཁྲིམས་ལག་བསྟར།འགན་འཁྲི་རྩད་གཅོད་བཅས་བྱ་རྒྱུ་དེ་ཡིན།མངགས་སྡོད་སྒྲིག་གཞིས“མངགས་པའི”དབང་གྲགས་དང“སྡོད་པའི”ལེགས་ཆ་འདོན་སྤེལ་བྱས་ཏེ་ཏང་གི་སྒྲིག་ཡིག་ནང་འཁོད་པའི་འགན་འཁྲི་སྒྲུབ་དགོས།མངགས་སྡོད་ལས་བྱེད་པས་ལས་འགན་སེམས་ལ་བརྟན་པོ་ངེས་པ་དང་རྩ་དོན་མཐའ་འཁྱོངས་བྱས་ཏེ་ལྷག་བསམ་རྣམ་དག་དང་།ལས་དོན་གཙང་མ་སྒྲུབ་པ།འགན་འཁྲི་འཁུར་ཕོད་པ་བཅས་བྱེད་ཐུབ་པ་བྱེད་དགོས།ཏང་སྲོལ་སྲིད་གཙང་གི་གནད་དོན་ཤེས་རྟོགས་བྱེད་དགོས་རིགས་ཤེས་རྟོགས་མ་བྱུང་ཚེ་འགན་འཛོལ་ཡིན་པ་དང་།གནད་དོན་ཤེས་རྟོགས་བྱུང་ཡང་གསང་ནས་སྙན་སེང་མི་ཞུ་བ་དང་ཐག་གཅོད་མ་བྱས་ཚེ་འགན་འཛོལ་ཡིན་པའི་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སྐོར་སྐྱོད་ཁྲིམས་ར་འཛུགས་པ་དང་སྲིད་འཛིན་ཁུལ་དབྱེ་ལས་བརྒལ་བའི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་འཛུགས་རྒྱུ་དེ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཏོན་པའི་སྒྱུར་བཅོས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་།ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སྐོར་སྐྱོད་ཁྲིམས་ར་བཙུགས་ནས་སྲིད་འཛིན་ཁུལ་དབྱེ་ལས་བརྒལ་བའི་སྲིད་འཛིན་དང་དམངས་དོན་དང་ཚོང་དོན་གྱི་གྱོད་གཞི་གལ་ཆེན་འདྲི་ཞིབ་བྱ་རྒྱུ་དེ་འདྲི་གཅོད་ལས་ཁུངས་ཀྱི་ལས་ཀའི་གཙོ་གནད་གཤམ་སྒྱུར་དང་།རང་སར་རྩོད་གཞི་ཐག་གཅོད།དོ་བདག་གིས་གཏུག་བཤེར་བྱེད་བདེ་བ་བཅས་ལ་ཕན་པ་ཡོད།སྲིད་འཛིན་ཁུལ་དབྱེ་ལས་བརྒལ་བའི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་འཚོལ་ཞིབ་བྱས་ནས་འཛུགས་རྒྱུ་དེ་འདྲི་གཅོད་ལས་དོན་དང་ཞིབ་དཔྱོད་ལས་དོན་གྱི་འགོག་རྐྱེན་མེད་པ་བཟོ་བ་དང་།ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་རང་ཚུགས་དང་གཞུང་དྲང་ངང་འདྲི་གཅོད་དབང་ཆ་དང་ཞིབ་དཔྱོད་དབང་ཆ་ལག་ལེན་བསྟར་རྒྱུ་འགན་ལེན་བྱེད་པར་ཕན་པ་ཡོད་ལ་སྤྱིར་བཏང་གྱོད་གཞི་སྲིད་འཛིན་ཁུལ་དབྱེའི་ཁྲིམས་ཁང་གིས་འདྲི་ཞིབ་བྱེད་པ་དང་དམིགས་བསལ་གྱོད་གཞི་སྲིད་འཛིན་ཁུལ་དབྱེ་ལས་བརྒལ་བའི་ཁྲིམས་ཁང་གིས་འདྲི་ཞིབ་བྱེད་པའི་གཏུག་བཤེར་གྱི་རྣམ་པ་འཛུགས་རྒྱུར་ཡང་ཕན་པ་ཡོད།སྒྱུར་བཅོས་ཀྱི་ཚོད་ལྟ་དེ་གཉིས་ཁྲིམས་འཛིན་དོ་དམ་སྒྲིག་སྲོལ་དང་ཁྲིམས་འཛིན་དབང་ཆ་སྤྱོད་པའི་ལམ་སྲོལ་སོགས་གཏིང་ཟབ་པའི་གནད་དོན་དང་འབྲེལ་བ་ཡོད།ཚོད་ལྟའི་ཇུས་གཞི་དེ་དང་ཐོག་རྨང་གཞི་བརྟན་ལ་ཁ་ཚ་དགོས་གཏུགས་ཀྱི་ས་གནས་སུ་ཚོད་ལྟ་བྱེད་དགོས་པའི་མཛུབ་སྟོན་བྱས་པ་རེད།

    ཚོགས་འདུའི་ཐོག་སྒྱུར་བཅོས་ཚོད་ལྟ་བྱ་རྒྱུ་དེ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།རང་རྒྱལ་གྱི་ས་ཁུལ་འཕེལ་རྒྱས་དོ་སྙོམས་མེད་པ་དང་སྒྱུར་བཅོས་ཚོད་ལྟ་ལག་ལེན་བསྟར་བའི་ཆ་རྐྱེན་ལ་ཧེ་བག་ཆེ་ཙམ་ཡོད་པས་ས་ཁོངས་མི་འདྲ་བར་དབྱེ་བ་ཡོད་པའི་འཚོལ་ཞིབ་བྱ་རྒྱུའི་ལྕག་སྐུལ་བྱེད་དགོས།གཞི་རིམ་ལ་ལྟ་བ་དང་གཞི་རིམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་མང་ཚོགས་ཀྱི་ལག་ལེན་ལ་བརྩི་འཇོག་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པར་སྒྱུར་བཅོས་ཀྱི་བསམ་ཕྱོགས་དང་།ཐབས་ཇུས།བྱེད་ཐབས་བཅས་ཚང་མ་མང་ཚོགས་ཀྱི་རེ་བ་དང་བསྟུན་གང་ཐུབ་བྱས་ནས་མང་ཚོགས་ཀྱི་ཆེད་དུ་སྒྱུར་བཅོས་བྱེད་པ་དང་།སྒྱུར་བཅོས་བྱེད་སྐབས་མང་ཚོགས་ལ་བརྟེན་པ།སྒྱུར་བཅོས་ཀྱིས་མང་ཚོགས་ལ་ཕན་པ་ཐོབ་པ་བཅས་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག་དུས་ཚོད་དམ་འཛིན་ངང་ཕྱི་ལོའི་ལས་དོན་གྱི་གཙོ་གནད་གཏན་འཁེལ་བྱེད་དགོས་པ་དང་ལྷག་དོན་དུ་མཚོན་རྟགས་རང་བཞིན་དང་མཚམས་སྦྱོར་རང་བཞིན་གྱི་ནུས་པ་ལྡན་པའི་སྒྱུར་བཅོས་བྱེད་ཐབས་ཁག་གཅིག་བཏོན་ཏེ་སྒྱུར་བཅོས་ཀྱི་ཇུས་གཞིའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་གནས་བབ་གལ་ཆེན་ཐོག་བཞག་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་འགན་འཁྲི་སྔར་བས་ཁ་གསལ་ཡོང་བ་བྱེད་དགོས།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཏོན་པའི་སྒྱུར་བཅོས་ཀྱི་བྱེད་ཐབས་གལ་ཆེན་ནི་ཀྲུང་དབྱང་གི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གིས་སྤྱི་འདོམས་མཐུན་སྦྱོར་དང་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་ཞིག་ཡིན་པས་འཆར་གཞི་དང་།དུས་ཚོད།རེའུ་མིགབརྟག་བཤེར་ཆོག་པའི་གྲུབ་འབྲས་བཅས་ཀྱི་རྣམ་པ་གསལ་པོ་ཞིག་ཡོད་དགོས་པའི་མཛུབ་སྟོན་བྱས་པ་རེད།

རྩོམ་སྒྲིག་པ། མགོན་པོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག