མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཀའོ་ལིས་ཀྱིས་ཝེ་ནེ་ཙུའེ་ལའི་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ནོར་སྲིད་པུའུ་ཀྲང་ཐའོ་ལི་སི་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-05 11:10

ཚེས་བཞིའི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཝེ་ནེ་ཙུའེ་ལའི་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ནོར་སྲིད་པུའུ་ཀྲང་ཐའོ་ལི་སི་འཁོར་དང་བཅས་པར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས་བཞི་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཝེ་ནེ་ཙུའེ་ལའི་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ནོར་སྲིད་པུའུ་ཀྲང་ཐའོ་ལི་སི་འཁོར་དང་བཅས་པར་མཇལ་འཕྲད་གནང་།

ཀྲང་ཀའོ་ལིས་ཀྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་ཕྱོགས་གཉིས་ཀྱི་འབྲེལ་བ་ཡུན་རིང་འཕེལ་རྒྱས་བྱུང་ཡོད་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པར་མ་ཟད། རྒྱལ་ཁབ་གཉིས་ཀ་ཕན་ཚུན་ལ་ཡིད་ཆེས་བྱེད་པའི་གྲོགས་པོ་བཟང་བོ་དང་གཉིས་ཕན་མཉམ་ལས་ཀྱི་གྲོགས་པོ་བཟང་བོར་གྱུར་ཡོད། ད་ལོའི་ཟླ་བདུན་པར་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཝེ་ནེ་ཙུའེ་ལར་ཕུན་སུམ་ཚོགས་པའི་རྒྱལ་དོན་འཚམས་འདྲི་བྱས་ཏེ། ཕྱོགས་གཉིས་ཀྱིས་མི་འགྱང་བར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཁྱོན་ཡོངས་ནས་འཐབ་ཇུས་མཉམ་ལས་འབྲེལ་བར་འཕེལ་རྒྱས་སུ་གཏོང་རྒྱུའི་ཐག་བཅད་པ་དང་། ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་བར་གྱི་མཉམ་ལས་འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ཞིག་ཏུ་བསྐྱོད་མགོ་ཚུགས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབ་བཟང་བོ་བྱེད་པ་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ནུས་ཁུངས་དང་གཏེར་ལས། ཞིང་ལས། རྨང་གཞིའི་སྒྲིག་ཆས། མཐོ་གསར་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྐས་རིམ་གསར་བ་ཞིག་ཏུ་བསྐྱོད་པ་དང་། ཐུན་མོང་གི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས་ཟེར།

ཐའོ་ལི་སི་ཡིས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྔར་ལས་ལྷག་པའི་སྒོ་ནས་ཤུགས་སྣོན་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་མཉམ་དུ་འཆར་འགོད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་སྔར་ལས་མཐོ་བའི་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་ཏུ་འཇུག་དགོས་པའི་རེ་བ་བཏོན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག