མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དམག་ཡོངས་ཀྱི་སྒྲིག་ཆས་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-05 11:10

ཟླ་བཅུ་གཉིས་པའི་ཚེས་གསུམ་དང་ཚེས་བཞི་ཉིན་གཉིས་ལ། དམག་ཡོངས་ཀྱི་སྒྲིག་ཆས་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་སྟེང་གསུངས་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དམག་ཡོངས་ཀྱི་སྒྲིག་ཆས་བྱ་བའི་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན་ནས་ཚེས་བཞི་ཉིན་བར་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་སྟེང་གསུངས་བཤད་གལ་ཆེན་གནང་། ཁོང་གིས་སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་གནས་བབ་གསར་བའི་འོག་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་དམ་པོར་བཟུང་སྟེ། ཆ་འཕྲིན་གཙོ་བོར་འཛིན་པ་དང་། མ་ལག་འཛུགས་སྐྲུན་རྒྱུན་འཁྱོངས་བྱེད་དགོས་ལ། རང་བདག་གསར་བསྐྲུན་བྱས་ནས་རྒྱུན་མཐུད་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། གཅིག་གྱུར་སྒོས་འཆར་འགོད་དང་ལྟ་རྟོག་བྱས་ནས་གནད་ཆེ་ས་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ནས། ལས་འགན་ལག་བསྟར་བྱེད་པའི་དགོས་མཁོ་དང་མཐུན་པའི་སྒྲིག་ཆས་མ་ལག་མྱུར་དུ་འཛུགས་སྐྲུན་བྱས་ནས། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ཕུགས་འདུན་མངོན་འགྱུར་བྱེད་པར་དངོས་པོ་དང་ལག་རྩལ་གྱི་རྒྱབ་སྐྱོར་ཆེན་པོ་འདོན་སྤྲོད་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུངས་བཤད་གནང་སྐབས་རང་རེའི་དམག་དཔུང་གི་སྒྲིག་ཆས་ལས་དོན་འཕེལ་རྒྱས་ཐད་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། ཞི་ཅིན་ཕེན་གྱིས་སྒྲིག་ཆས་འཛུགས་སྐྲུན་བྱ་བ་དེ་རྒྱལ་སྤྱིའི་འཐབ་ཇུས་རྣམ་པ་དང་རྒྱལ་ཁབ་བདེ་འཇགས་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་རྒྱབ་ལྗོངས་འོག་ངོས་འཛིན་དང་ཇུས་འགོད་བྱེད་དགོས་ལ། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལོ་རྒྱུས་འཕེལ་རིམ་ཁྲོད་བཞག་སྟེ་ངོས་འཛིན་དང་ཇུས་འགོད་བྱེད་དགོས་པར་མ་ཟད། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་སྔོན་ལ་འཛིན་དགོས་པའི་འཐབ་ཇུས་གོ་གནས་ཁྲོད་བཞག་ནས་དམ་འཛིན་བྱེད་དགོས། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་ནི་རང་རེའི་དམག་དཔུང་གི་སྒྲིག་ཆས་འཛུགས་སྐྲུན་གྱི་འཐབ་ཇུས་གོ་སྐབས་ཤིག་ཡིན་ལ། མཆོང་སྐྱོད་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་ཤིག་ཀྱང་ཡིན་པས། ངེས་པར་དུ་འགན་འཁྲིའི་འདུ་ཤེས་ཇེ་ཆེར་གཏོང་བ་དང་། གོ་སྐབས་དམ་འཛིན་བྱེད་པ། སྙིང་སྟོབས་ཆེར་བསྐྱེད་བྱས་ནས། སྒྲིག་ཆས་འཛུགས་སྐྲུན་བྱ་བ་མྱུར་དུ་བཟང་བོར་སྒྲུབ་དགོས་ཞེས་ནན་གྱིས་གསུངས།

གྲོས་ཚོགས་ཀྱི་སྔོན་ལ་ཞི་ཅིན་ཕེན་གྱིས་གྲོས་ཚོགས་སུ་ཞུགས་པའི་འཐུས་མི་ཡོངས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་། ཚང་མ་དང་མཉམ་དུ་པར་བླངས་པར་མ་ཟད། ད་རུང་སྒྲིག་ཆས་འཛུགས་སྐྲུན་སྐོར་གྱི་བརྙན་ཕབ་ལེ་ཚན་ལ་གཟིགས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཧྥན་ཁྲང་ལུང་གིས་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་དེས་འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ནས། གནས་བབ་གསར་བའི་འོག་གི་སྒྲིག་ཆས་འཛུགས་སྐྲུན་ལ་གོ་རིམ་ལྡན་ཞིང་གཏིང་ཟབ་པའི་རྒྱས་བཤད་མཛད་དེ། ང་ཚོས་གནས་བབ་དང་ལས་འགན་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། སྒྲིག་ཆས་འཛུགས་སྐྲུན་བྱ་བ་མྱུར་དུ་འཕེལ་རྒྱས་སུ་གཏོང་བར་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས་པར་མ་ཟད། འབད་འཐབ་བྱེད་ཕྱོགས་གསལ་བོར་བསྟན་པས། དམག་ཡོངས་ཀྱི་དཔོན་དམག་གིས་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་ཡར་སྐུལ་གཏོང་བ་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག