མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཁ་ན་ཏའི་ཝུན་ཀེ་ཧར་འཚམས་འདྲི་ཞུས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-12-04 11:03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཚོགས་གཙོ་གནང་བའི་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པ་སྤྱི་ཟླ11པའི་ཚེས30ཉིན་ཁ་ན་ཏའི་ཝུན་ཀེ་ཧར་ཕེབས་འབྱོར་ཟིན་ནས། ཁ་ན་ཏ་དང་ཨ་རིར་དུས་ཡུན་གཟའ་འཁོར་གཅིག་གི་མཛའ་གྲོགས་འཚམས་འདྲི་གནང་འགོ་ཚུགས་ཡོད་པ་རེད། ཉིན་དེའི་དགོང་མོ་ས་གནས་དེ་གའི་ཕྱིར་སྡོད་ཀྲུང་གོ་བ་དང་སྨྱན་སྦྱོར་ཚན་པའི་འཐུས་མི་དང་སྐོང་ཚོགས་བྱས་པའི་བཞུགས་མོལ་ཚོགས་འདུའི་ཐོག བློ་བཟང་རྒྱལ་མཚན་གྱིས་བོད་ལྗོངས་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་བབ་ངོ་སྤྲོད་ཞིབ་ཕྲ་གནང་བ་དང་། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་གི་འགྱུར་ལྡོག་གསར་ཤོས་ངོ་སྤྲོད་གནང་ཡོད་པ་རེད། བློ་བཟང་རྒྱལ་མཚན་གྱིས་ཁོང་རྣམས་ནས་ད་ཐེངས་ཁ་ན་ཏ་དང་ཨ་རིར་འཚམས་འདྲི་ཞུ་བའི་དམིགས་ཡུལ་ནི་ཁ་ན་ཏ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་གྲོས་ཚོགས་ཁང་དང་སྲིད་གཞུང་། རིག་མཛོད་ཀྱི་མཁས་དབང་། གཙོ་གཟུགས་སྨྱན་སྦྱོར་ཚན་པ། ཕྱིར་སྡོད་ཀྲུང་གོ་བ། དེ་བཞིན་ས་གནས་དེ་གའི་བོད་རིགས་སྤུན་ཟླ་བཅས་ཀྱི་བར་བཞུགས་མོལ་དང་སྤེལ་རེས་བྱས་ནས། བོད་ལྗོངས་ཀྱི་གོང་འཕེལ་དང་ད་ལྟའི་གནས་བབ་ངོ་སྤྲོད་བྱེད་རྒྱུ་དང་། གྲོགས་པོ་རྒྱ་ཆེན་པོ་སྒྲིག་པ། དོགས་གནད་སེལ་བ་བཅས་བྱས་སྟེ་ཁ་ན་ཏ་དང་ཨ་རིའི་སྤྱི་དམངས་ཀྱིས་དོན་དངོས་ཀྱི་བོད་ལྗོངས་ལ་ཤེས་རྟོགས་ཐུབ་ཆེད་ཡིན་ཞེས་གསུངས་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག