མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

གཞོན་ནུའི་ལས་སྐྲུན་དཔེ་སྟོན་ཁུལ40ཐོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-12-04 11:03

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་དུས། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་བརྡ་ཐོ་བཏང་སྟེ། པེ་ཅིང་གཞོན་ནུའི་འགུལ་བདེའི་མཉམ་སྦྲེལ་གསར་གཏོད་གསོ་སྐྱོང་ཁུལ་སོགས་ཚན་པ་བཞི་བཅུར་ཁག་དང་པོའི་རྒྱལ་ཡོངས་ཀྱི་གཞོན་ནུའི་ལས་སྐྲུན་དཔེ་སྟོན་ཁུལ་གྱི་ཆོག་མཆན་སྤྲད་ཡོད་པ་རེད།

ཉེ་བའི་ལོ་ཤས་ནང་། ས་གནས་ཁག་གིས་གཞོན་ནུའི་ལས་སྐྲུན་ཁུལ་འཛུགས་རྒྱུ་དེ་གུང་གཞོན་སྡེ་ཚོགས་ཀྱིས་གཞོན་ནུའི་ལས་སྐྲུན་ལས་ཞུགས་ལ་ཞབས་འདེགས་ཞུ་བའི་ཞབས་ཞུའི་མ་ལག་གི་གལ་ཆེའི་ནང་དོན་དུ་བཞག་སྟེ། གཞོན་ནུའི་དགོས་མཁོ་དང་། ས་གནས་དེ་གའི་ཐོན་ལས་རྣམ་པ་བརྗེ་བསྒྱུར་དང་རིམ་སྤར་གྱི་དོན་དངོས་ལ་གཞིགས་རྒྱུ་རྒྱུན་འཁྱོངས་ཀྱིས། གཞོན་ནུའི་ལས་སྐྲུན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བས་གཞོན་ནུའི་སྤུས་ལེགས་ལས་སྐྲུན་ཁུལ་གྱི་དཔེ་སྟོན་མང་པོ་ཞིག་ཐོན་ཡོད། གུང་གཞོན་སྡེ་ཚོགས་ཁྲང་ཁྲུན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་བེད་མེད་དུ་བཞག་པའི་ཐོག་ཁང་དང་། བཟོ་གྲྭའི་ཁང་པ་སོགས་བེད་སྤྱད་དེ་ཁྲང་ཁྲུན་གྱི་གཞོན་ནུའི་ལས་སྐྲུན་ཁུལ་ཀྲེང་སྨའོ་ཁུལ་དང་། ཁྲང་ཁྲུན་གཞོན་ནུའི་ལས་སྐྲུན་ཁུལ་གྱི་མཐོ་གསར་ཁུལ། ཁྲང་ཁྲུན་གཞོན་ནུའི་གློག་རྡུལ་ཚོང་ལས་རུབ་བསྡུས་དཔེ་སྟོན་ཁུལ་བཅས་བཙུགས་པ་མ་ཟད། སྡེ་ཚོགས་ཀྱིས་སྣེ་འཁྲིད་པ་དང་། སྲིད་གཞུང་སྡེ་ཁག་དང་། ལས་སྐྲུན་ཞབས་ཞུའི་ལས་ཁུངས། ལས་སྐྲུན་གཞོན་ནུའི་འཐུས་མི་བཅས་ཞུགས་པའི་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་ཏེ། རྒྱུན་གཏན་དོ་དམ་འཁོར་རྒྱུག་བྱ་དོན་འགན་འཁུར་ཡོད། གུང་གཞོན་སྡེ་ཚོགས་ཟི་ཁྲོན་ཞིང་ཨུད་ཀྱིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་དང་། ནོར་སྲིད། སློབ་གསོ་བཅས་སྡེ་ཁག་དང་མཉམ་འབྲེལ་གྱིས། ཞིང་ཆེན་རིམ་པའི་གཞོན་ནུའི་ལས་སྐྲུན་ཁུལ་གྱི་ངོས་འཛིན་དོ་དམ་བྱ་ཐབས་བཏོན་པ་མ་ཟད། ཁག་སོ་སོར་འཛུགས་སྐྲུན་གྱི་ཁ་གསབ་དངུལ་སྒོར་ཉིས་འབུམ་ནས་སུམ་འབུམ་བར་སྤྲད་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག