མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་དྲིལ་བསྒྲགས་པུས་ས་གནས་ལ་བཅའ་སྡོད་གསར་འགྱུར་ཚན་པ་གཙང་བཤེར་ལེགས་སྒྲིག་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-12-04 11:03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས། རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་བཅས་ཀྱིས་སྤྱི་ཚེས་3ཉིན་ཆེད་དོན་གྲོས་ཚོགས་སྐོང་འཚོགས་བྱས་ནས། ས་གནས་ལ་བཅའ་སྡོད་གསར་འགྱུར་ཚན་པ་གཙང་བཤེར་དང་ལེགས་སྒྲིག་བྱེད་པའི་ལས་དོན་ཐད་བཀོད་སྒྲིག་གནང་བ་རེད།

གྲོས་ཚོགས་ཐོག ཉེ་ལམ་ལོ་ཤས་རིང་། ས་གནས་ལ་བཅའ་སྡོད་གསར་འགྱུར་ཚན་པ་མང་དྲགས་པ་དང་མི་སྣ་གང་བྱུང་དུ་རང་བཀོལ་བྱེད་པ། ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ཐོན་མང་བ་སོགས་ཀྱི་གནད་དོན་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བ་དེས། གསར་འགྱུར་ལས་རིགས་ཀྱི་མིང་གྲགས་ལ་གཏོར་བཤིག་ཚབས་ཆེན་གཏོང་བ་དང་། གསར་འགྱུར་སྨྱན་སྦྱོར་གྱི་དབང་གྲགས་རང་བཞིན་དང་ཡིད་རྟོན་རུང་ཤུགས་ལ་བཙན་གནོད་ཕོག་པ། སྤྱི་ཚོགས་ཀྱི་ཤུགས་རྐྱེན་ངན་པ་བཅས་བཟོས་ཡོད། ས་གནས་ཁག་དང་ཚན་པ་ཁག་གིས་གཙང་བཤེར་ལེགས་སྒྲིག་བྱ་རྒྱུ་དེ་སྲོལ་ངན་བཞི་བཅོས་སྒྲིག་གཏིང་ཟབ་དང་། མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་གལ་ཆེའི་དམ་འཛིན་བྱེད་སར་བརྩིས་ནས། སེམས་ཐག་གཙང་བཅད་ཀྱིས་ལས་དོན་ཁག་ལ་སྐུལ་སྤེལ་གཏོང་བ་དང་། ས་གནས་ལ་བཅའ་སྡོད་གསར་འགྱུར་ཚན་པ་ཁག་ཅིག་གི་དོ་དམ་ཟང་ཟིང་ཡིན་པའི་གནས་སྟངས་ལ་འགྱུར་བ་ཏན་ཏིག་གཏོང་བ་དང་། གསར་འགྱུར་བརྒྱུད་བསྒྲགས་ཀྱི་སྒྲིག་སྲོལ་སྐྱོན་བྲལ་ཡོང་བ་སྲུང་སྐྱོང་བྱེད་དགོས་ཞེས་བཏོན་པ་དང་།

གྲོས་ཚོགས་ཐོག ས་གནས་ལ་བཅའ་སྡོད་རིམ་པ་ཁག་དང་རིགས་ཁག་གི་གསར་འགྱུར་ལས་ཁུངས་འཛུགས་པ་དང་། མི་སྣ་བཀོལ་སྤྱོད། ལས་སྒོ་སྤེལ་ཚུལ་བཅས་ལ་ཁྱོན་ཡོངས་ནས་གཙང་བཤེར་བྱེད་པ་དང་། བླང་བྱ་དང་མི་འཚམ་པའི་ས་གནས་ལ་བཅའ་སྡོད་ལས་ཁུངས་ཚང་མ་མེད་པ་བཟོ་བའམ་ཟླ་སྒྲིལ་གཏོང་བ། གཏན་འབེབས་ལས་འགལ་ཏེ་བཀོལ་སྤྱོད་བྱས་པའི་མི་སྣ་ཚང་མ་ལས་གནས་ལས་ཕྱིར་འཐེན་བྱེད་དགོས། ས་གནས་ཀྱི་དྲ་ཚིགས་དེ་གཙང་བཤེར་ལེགས་སྒྲིག་བྱེད་པའི་ཁྱབ་ཁོངས་ནང་འཇུག་དགོས་པ་དང་། ཀྲུང་དབྱང་གི་གཙོ་གནད་གསར་འགྱུར་དྲ་ཚིགས་ནས་ས་གནས་དྲ་ཚིགས་གསར་འཛུགས་བྱེད་སྐབས་ངེས་པར་དུ་ཞིབ་བཤེར་ཆོག་མཆན་ཐོབ་པ་བྱེད་པ། དེ་མིན་དྲ་ཚིགས་ཁག་ནས་ས་གནས་དྲ་ཚིགས་བཟོ་མི་ཆོག་པའམ། ས་གནས་ལ་བཅའ་སྡོད་ལས་ཁུངས་ནས་གསར་འགྱུར་རྩོམ་འབྲིའི་ལས་སྒོ་སྤེལ་མི་ཆོག འཛུགས་གཉེར་བྱས་ཟིན་པ་ཚང་མ་མེད་པ་བཟོ་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག