མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕིང་ནས་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་འགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་ཐེངས་བདུན་པ་གཙོ་སྐྱོང་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-12-03 11:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ12པའི་ཚེས2ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་གིས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་འགོ་ཁྲིད་ཚོ་ཆུང་གི་འགོ་འཛིན་ཞི་ཅིན་ཕིང་གིས་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་འགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་ཐེངས་བདུན་པ་གཙོ་སྐྱོང་གནང་བ་མ་ཟད་གལ་ཆེའི་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ས་གནས་དང་། གཞི་རིམ། མང་ཚོགས་བཅས་ནས་བསམ་བློར་བཅིངས་གྲོལ་གཏོང་རྒྱུ་དང་འཚོལ་ཞིབ་གང་ལེགས་བྱེད་རྒྱུར་བསྔགས་སྐུལ་བྱེད་དགོས་ལ། ཁྱབ་ཁོངས་མི་འདྲ་བའི་ཧེ་བག་ཅན་གྱི་ཚོད་ལྟ་བྱེད་རྒྱུར་ཡང་བསྔགས་སྐུལ་བྱེད་དགོས། མང་ཚོགས་ནས་དོ་ཁུར་བྱེད་པའི་གནད་དོན་དང་མང་ཚོགས་ཀྱི་འཚོ་བའི་དཀའ་གནད་ཁྲོད་ལས་བསྒྱུར་བཅོས་ཀྱི་འགོ་འཛུགས་ས་འཚོལ་མཁས་པོ་བྱས་ཏེ། བང་རིམ་ཇུས་འགོད་དང་གཞི་རིམ་དུ་བཟང་ཆ་སྤེལ་རེས་དང་གོ་སྐབས་ཟུང་འབྲེལ་ཐུབ་རྒྱུ་འཚོལ་ཞིབ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གིས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་འགོ་ཁྲིད་ཚོ་ཆུང་གི་འགོ་འཛིན་གཞོན་པ་ལི་ཁེ་ཆང་དང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།

གྲོས་ཚོགས་ཐོག་གྲོང་གསེབ་ཀྱི་ས་ཞིང་སྡུད་ལེན་བྱེད་པ་དང་གཅིག་བསྡུས་གཉེར་སྐྱོར་རང་བཞིན་གྱི་འཛུགས་སྐྲུན་སྤྱོད་ས་ཁྲོམ་རར་འདོན་པ། ཁང་སའི་ལམ་ལུགས་བསྒྱུར་བཅོས་ཚོད་ལྟའི་ལས་དོན་བཅས་ཀྱི་བསམ་འཆར་ཞེས་པ་དང་། དེང་རབས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གང་མགྱོགས་འཛུགས་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ། རྫོང་རིམ་པ་མན་གྱི་ལས་ཁུངས་ཀྱིས་གཞུང་ཞབས་པའི་ལས་གནས་དང་ལས་གནས་རིམ་པ་མཉམ་སྤྱོད་ཀྱི་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱིས་ལས་ཁུངས་མངག་གཏོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་བཅས་ལ་གྲོས་འཆམ་གནང་བ་དང་། གྲོས་ཚོགས་ཐོག་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སྐོར་བསྐྱོད་ཁྲིམས་ར་འཛུགས་རྒྱུའི་ཚོད་ལྟའི་བྱེད་ཐབས་ཞེས་པ་དང་སྲིད་འཛིན་ཁྱབ་ཁོངས་ལས་བརྒལ་བའི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་སྤྱོད་ལས་ཁུངས་འཛུགས་རྒྱུའི་ཚོད་ལྟའི་བྱེད་ཐབས་ཞེས་པ་གཉིས་ལ་གྲོས་འཆམ་བྱུང་བ། གྲོས་ཚོགས་ཐོག་གྲོས་བསྡུར་བྱས་ཚུལ་ལ་གཞིགས་ནས་སྔར་བས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་རྗེསགོ་རིམ་ལྟར་ཆོག་མཆན་འགོད་རྒྱུ་དང་ལག་ལེན་བསྟར་རྒྱུའི་གྲོས་འགོ་བཏོན་ཡོད་པ་རེད།

གྲོས་ཚོགས་ཐོག ས་ཞིང་ལམ་ལུགས་ནི་རྒྱལ་ཁབ་ཀྱི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་ཡིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་བསྒྱུར་བཅོས་ཀྱི་ཁ་ཕྱོགས་དང་ལས་འགན་གཏན་འབེབས་ཁ་གསལ་བྱས་ཟིན་པ་དང་། ཐོག་མཐའ་བར་གསུམ་དུ་ཞིང་པའི་ཁེ་དབང་ལ་སྲུང་སྐྱོབ་ཡག་པོ་དང་མངོན་འགྱུར་ཡག་པོ། གོང་འཕེལ་ཡག་པོ་གཏོང་རྒྱུ་བཅས་འགོ་འཛུགས་ས་དང་མཇུག་བསྡུ་ས་ཡིན་པའི་ངོས་ནས། ས་ཞིང་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་ངོ་བོར་འགྱུར་བ་མེད་པ་དང་རྒྱུན་འདེབས་ས་ཞིང་རྒྱ་ཁྱོན་གྱི་རིན་ཐང་དམའ་ཤོས་ལས་མི་བརྒལ་བ། ཞིང་པའི་ཁེ་ཕན་ལ་གྱོང་གུན་མི་ཐེབས་པ་བཅས་ཀྱི་མཚམས་ཐིག་གསུམ་རྒྱུན་འཁྱོངས་བྱས་ཏེ། ཚོད་ལྟ་བྱེད་པའི་རྨང་གཞིའི་ཐོག་གོ་རིམ་ཡོད་པའི་སྒོ་ནས་སྤེལ་དགོས། རྒྱུན་འདེབས་ས་ཞིང་མུའུ་དུང་ཕྱུར་༡༨ཀྱི་རྒྱ་ཁྱོན་གྱི་རིན་ཐང་དམའ་ཤོས་ནན་སྲུང་བྱེད་རྒྱུ་དེ་ནི་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་བསྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་རྒྱུའི་གཞི་ཐིག་དང་ཚོད་ལྟ་བྱེད་རྒྱུའི་གཞི་འཛིན་ས་ཡིན་པས། མཚམས་ཐིག་དེ་ལས་རྩ་བ་ཉིད་ནས་བརྒལ་མི་ཆོག ཁང་སའི་ལམ་ལུགས་བསྒྱུར་བཅོས་ཀྱི་ཚོད་ལྟའི་ཆ་རྐྱེན་དང་ཁྱབ་ཁོངས་ལ་ཚད་གཞི་ལྟར་ཞིབ་བཤེར་ནན་ཏན་བྱེད་དགོས་པ་ལས་ཞིང་པའི་ཁེ་ཕན་ལ་གནོད་འཚེ་གཏོང་མི་ཉན་ལ་དུས་མཚུངས་སུ་ཁང་ས་བེད་སྤྱོད་དབང་མེད་པ་བཟོ་རྒྱུ་དེ་གྲོང་ཁྱེར་དུ་གཞིས་ཆགས་རྒྱུའི་ཆ་རྐྱེན་དུ་བརྩི་མི་ཉན། འདི་ནི་སྤྱི་ཚོགས་བདེ་འཇགས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱིས་མཛུབ་སྟོན་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས། ཚོད་ལྟའི་ཆ་རྐྱེན་དམ་འཛིན་ནན་པོ་བྱེད་དགོས་ཞེས་བཏོན་ཡོད་པ་རེད།

གྲོས་ཚོགས་ཐོག དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་རྒྱུ་ནི་མི་དམངས་མང་ཚོགས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་འགན་སྲུང་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་རྒྱུའི་ལམ་ལུགས་ཇུས་འགོད་གལ་ཆེན་ཞིག་ཡིན། དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་རྒྱུ་དེ་དམངས་སེམས་ལས་གཞི་ཞིག་ལ་བརྩིས་ནས། མི་དམངས་ཀྱིས་ལྟེ་བ་བྱེད་པའི་ལས་ཀའི་ཁྲིད་ཕྱོགས་བརྟན་པོ་འཛུགས་དགོས་པ་དང་། གནོད་འཚེ་ལྡན་པའི་རིག་གནས་བཀག་སྡོམ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་སྟོབས་ཆེའི་བསམ་པའི་སྒུལ་ཤུགས་དང་རིག་གནས་ཀྱི་འདེགས་སྐྱོར་བྱེད་དགོས། ལས་ཀའི་གཙོ་གནད་དེ་གཞི་རིམ་ལ་འཇོག་དགོས་པ་དང་། དབུལ་ཕོངས་ས་ཁུལ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། དཀའ་ངལ་ཡོད་པའི་མང་ཚོགས་སོགས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་འགན་སྲུང་བྱེད་དགོས་ཞེས་ནན་བཏོན་བྱས་ཡོད་པ་རེད།

གྲོས་ཚོགས་ཐོག འགན་གནས་ཕུད་པའི་འགན་འཁྲི་རིམ་འཕར་གྱི་ཐབས་ལམ་བཟོས་ན། རྒྱ་ཆེའི་གཞི་རིམ་གཞུང་ཞབས་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱ་རྒྱུར་ཕན་ཐོགས་ཡོད་པ་བསྟན་ཡོད་པ་རེད།

གྲོས་ཚོགས་ཐོག ཏང་སྲོལ་སྲིད་གཙང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་མུ་མཐུད་དམ་འཛིན་བྱེད་དགོས་པ་དང་། མུ་མཐུད་མཐོ་གནོན་དང་རྡུང་རྡེག་ནན་པོ་གཏོང་བའི་རྣམ་པ་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད། ད་དུང་ལམ་ལུགས་འཛུགས་རྒྱུར་ཤུགས་སྣོན་རྒྱག་དགོས། ཁྱོན་ཡོངས་ནས་མངག་གཏོང་བཅའ་སྡོད་བྱས་ནས་ཏང་ནང་གི་ལྟ་སྐུལ་མི་ཐུབ་ས་མེད་པ་བྱེད་དགོས་ཞེས་ནན་བཏོན་བྱས་ཡོད་པ་རེད།

གྲོས་ཚོགས་ཐོག ཆེས་མཐོའི་མི་དམས་ཁྲིམས་ཁང་གིས་སྐོར་སྐྱོད་ཁྲིམས་ཁང་འཛུགས་པ་དང་། སྲིད་འཛིན་ཁུལ་བརྒལ་བའི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་དབྱེ་རྒྱུ་དེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཛོགས་ཐེངས་བཞི་པའི་ཐོག་བཏོན་པའི་བསྒྱུར་བཅོས་བྱེད་ཐབས་གལ་ཆེན་ཞིག་ཡིན། བསྒྱུར་བཅོས་ཚོད་ལྟ་བྱེད་ས་དེ་གཉིས་ནི་ཁྲིམས་འཛིན་དོ་དམ་སྒྲིག་གཞི་དང་། ཁྲིམས་འཛིན་དབང་ཆ་ཁོར་རྒྱུག་སྒྲིག་གཞི་སོགས་བང་རིམ་ཟབ་པའི་གནད་དོན་དང་འབྲེལ་བ་ཡོད། བྱ་དངོས་གསར་པ་ལག་བསྟར་བྱེད་འགོ་ཚུགས་པའི་སྐབས་འགོ་ཚུགས་ས་མཐོ་པོའི་ཐོག་འཇོག་དགོས་ཤིང་། སྤྱི་ཡོངས་རང་བཞིན་ལ་བསམ་གཞིགས་དང་ཆ་ཚང་རང་བཞིན་གྱི་ཇུས་འགོད་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

གྲོས་ཚོགས་ཐོག བསྒྱུར་བཅོས་ཚོད་ལྟ་བྱ་རྒྱུ་དེས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། རང་རྒྱལ་གྱི་ས་ཁུལ་གོང་འཕེལ་དོ་སྙོམས་མ་ཡིན་པས། ས་ཁོངས་མི་འདྲ་བའི་བར་ཧེ་བག་ཅན་གྱི་འཚོལ་ཞིབ་བྱེད་དགོས། གཞི་རིམ་ལ་ཕྱོགས་པ་དང་གཞི་རིམ་ལ་བསྐྱོད་ནས། བསྒྱུར་བཅོས་བྱ་རྒྱུ་དེ་མང་ཚོགས་ཀྱི་ཆེད་དུ་ཡིན་པ་དང་། བསྒྱུར་བཅོས་བྱེད་པར་མང་ཚོགས་ལ་བརྟེན་པ། བསྒྱུར་བཅོས་ཀྱིས་མང་ཚོགས་ལ་ཕན་པ་ཐོབ་པ་བཅས་བྱེད་ཐུབ་པ་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་བཏོན་བྱས་ཡོད་པ་རེད།

ཀྲུང་དབྱང་གི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཚོགས་འདུར་ཞུགས་ཡོད་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་གནང་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག