མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་དམངས་ཀྱི་མི་རིགས་གྲུབ་ཆའི་དོ་དམ་བྱེད་ཐབས་ལ་སྤྱི་དམངས་ཡོངས་ཀྱི་བསམ་འཆར་བསྡུ་ལེན་བྱེད་བཞིན་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-12-03 11:50

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་ལས་ཁང་གིས་ཀྲུང་གོའི་སྤྱི་དམངས་ཀྱི་མི་རིགས་གྲུབ་ཆའི་དོ་དམ་བྱེད་ཐབས་ཞེས་པ་ཁྱབ་བསྒྲགས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་བསམ་འཆར་བསྡུ་ལེན་བྱེད་བཞིན་ཡོད། བསམ་འཆར་བསྡུ་ལེན་གྱི་ཡི་གེ་དེའི་ནང་དུ་སྤྱི་དམངས་ཀྱིས་གནས་ཚུལ་དངོས་གསང་བ་དང་རྫུན་བཟོ་བྱས་པ་དང་། བཟོ་བཅོས་བརྒྱབ་པ་དང་བདེན་དཔང་རྫུན་མ་འདོན་སྤྲོད་བྱས་ནས། མི་རིགས་གྲུབ་ཆ་བརྗེ་རྒྱུའི་སྙན་ཞུ་ཕུལ་བར་མི་རིགས་ལས་དོན་སྡེ་ཁག་གིས་ཆོག་མཆན་མི་གནང་བ་དང་། སྤྱི་བདེ་ལས་ཁུངས་ཀྱིས་བརྗེ་སྤོར་ཐོ་འགོད་མི་བྱེད་པའི་ཞོར་དུ། འབྲེལ་ཡོད་ལས་ཁུངས་ལ་བརྡ་ཁྱབ་བཏང་སྟེ་སྤྱི་དམངས་དེའི་མི་རིགས་གྲུབ་ཆ་རྫུན་བཟོ་བྱས་པར་བརྟེན་ནས་ཐོབ་པའི་འབྲེལ་ཡོད་ཀྱི་ཁེ་དབང་ཡང་མེད་པར་གཏོང་དགོས། བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་ལ་ཁྲིམས་ལྟར་ཆད་པ་གཅོད་དགོས་ཤིང་། ཉེས་པ་བསགས་པ་དག་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་ཞིབ་བྱེད་དགོས་ཞེས་གཏན་འཁེལ་བྱས་ཡོད་པ་རེད།

བསམ་འཆར་བསྡུ་བའི་ཡི་གེ་ནང་སྤྱི་དམངས་ཀྱི་མི་རིགས་གྲུབ་ཆ་དེ་མི་དེའི་ཕ་དང་མའི་མི་རིགས་ལ་གཞིགས་ནས་གཏན་འཁེལ་དང་ཐོ་འགོད་བྱེད་དགོས། བྱེད་ཐབས་འདིའི་ནང་དུ་འཁོད་པའི་ཕ་མ་ཞེས་པ་ནི་མི་དེ་ཕ་མའམ་ཡང་ན་ཕ་གཡར་དང་མ་གཡར་ལ་ཟེར་བ་རེད། སྤྱི་དམངས་ཀྱི་མི་རིགས་གྲུབ་ཆ་གཏན་འཁེལ་བྱས་ཏེ་ཐོ་འགོད་བྱས་རྗེས་སྤྱིར་བཏང་ཡིན་ན་བརྗེ་སྤོར་བྱེད་མི་ཆོག

དེ་དང་དུས་མཚུངས་སུ་བསམ་འཆར་ནང་དུ། ལོ་བཅོ་བརྒྱད་ལ་མ་སོན་ན་ཁྲིམས་མཐུན་གྱི་ལྟ་སྐྱོང་བས་གནས་ཚུལ་གཉིས་ཀྱི་འོག་ཏུ་མི་དེའི་མི་རིགས་གྲུབ་ཆ་ཐེངས་གཅིག་བརྗེ་ཆོག གཅིག་ནི་ལོ་བཅོ་བརྒྱད་ལ་མ་སོན་པར་ཕ་མ་གཉིས་ཀྱི་འབྲེལ་བ་འགྱུར་ལྡོག་བྱུང་ཞིང་། བྱིས་པའི་མི་རིགས་གྲུབ་ཆ་དེ་བདག་སྐྱོང་དབང་ཆ་ལྡན་པའི་ཕའམ་མའི་མི་རིགས་གྲུབ་ཆ་དང་མི་གཅིག་པ། གཉིས་ནི་ལོ་བཅོ་བརྒྱད་ལ་མ་སོན་པར་མི་དེའི་མི་རིགས་གྲུབ་ཆ་ཁོའི་ཕ་གཡར་རམ་མ་གཡར་གྱི་མི་རིགས་གྲུབ་ཆ་དང་མི་གཅིག་པའི་གནས་ཚུལ་གཉིས་ཀྱི་འོག་ཏུ་མི་རིགས་གྲུབ་ཆ་ཐེངས་གཅིག་བརྗེ་ཆོག

མི་ལོ་བཅོ་བརྒྱད་སོན་རྗེས། རང་ཉིད་ལོ་བཅོ་བརྒྱད་བུད་པའི་རྗེས་ཀྱི་ལོ་གཉིས་ཀྱི་ནང་དུ་རང་མོས་ལྟར་རང་གི་ཕའམ་མའི་མི་རིགས་གྲུབ་ཆ་ལྟར་ཐེངས་གཅིག་བརྗེ་ཆོག

དེ་མིན་བསམ་འཆར་ནང་དུ་ད་དུང་ཀྲུང་གོའི་སྤྱི་དམངས་ཀྱིས་ཕྱི་རྒྱལ་བ་དང་གཉེན་སྒྲིག་པའམ་ཁྲིམས་ལྟར་བདག་གཉོར་བྱས་པའི་བྱིས་པ་ཀྲུང་གོའི་རྒྱལ་ཁོངས་ནང་ཚུད་རྗེས། མི་རིགས་གྲུབ་ཆའང་ཀྲུང་གོའི་སྤྱི་དམངས་ཀྱི་མི་རིགས་གྲུབ་ཆ་ལྟར་གཏན་འཁེལ་བྱ་དགོས། ཕྱི་རྒྱལ་བ་ཀྲུང་གོའི་རྒྱལ་ཁོངས་ནང་ཞུགས་པར་མི་དེའི་མི་རིགས་གྲུབ་ཆ་ལ་རྒྱལ་ཁབ་དེའི་མིང་འབྲི་དགོས་ཞེས་གཏན་འཁེལ་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག