མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་མིའི་རིགས་མཚོ་བོད་ས་མཐོར་གནས་སྡོད་ཀྱི་རྒྱུ་མཚན་གསལ་བཏོན་བྱས་པ།

  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  2014-12-02 11:29

    ཉེ་ཆར་ལན་ཀྲོའུ་སློབ་ཆེན་ནུབ་རྒྱུད་ཁོར་ཡུག་སློབ་གསོ་པུའི་གནད་ཆེའི་ཚོད་ལྟ་ཁང་གི་ཁོར་ཡུལ་གནའ་རྫས་དཔྱད་ཞིབ་ཞིབ་འཇུག་རུ་ཁག་གིས་ཨ་རིའི《ཚན་རིག》དུས་དེབ་ཐོག་ཆེད་རྩོམ་བཏོན་ནས་ད་བར་ལོ་3600གོང་གི་དུས་སུ་གནམ་གཤིས་གྲང་དུ་འགྲོ་བའི་རྒྱབ་ལྗོངས་འོག་ཞིང་ལས་ལག་རྩལ་གསར་བཅོས་ནི་མིའི་རིགས་གཞི་ཁྱོན་ཆེ་བའི་ངང་མཚོ་བོད་ས་མཐོར་རྒྱུན་སྡོད་བྱེད་པར་སྐུལ་མ་ཐེབས་པའི་རྒྱུ་མཚན་གཙོ་བོ་ཞིག་རེད་ཅེས་བཤད་པ་རེད།

    ལན་ཀྲོའུ་སློབ་ཆེན་གྱི་ཞིབ་འཇུག་ཚོགས་པས་དེ་སྔོན་སྤེལ་བའི་གནའ་རྫས་དཔྱད་ཞིབ་ཀྱི་སྙན་ཞུར་གྲལ་བཤེར་བྱས་པ་བརྒྱུད་མཚོ་སྔོན་ས་མཐོའི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་ཀྱི་གནའ་ཤུལ་བཅུ་ཆ་གཅིག་ལྷག་ཙམ་ནི་དེའི་བྱང་ཤར་རྒྱུད་དུ་ཁྱབ་པ་དང་།ས་ཁུལ་དེ་ནི་གནའ་རབས་དང་དེང་རབས་ཀྱི་མིའི་རིགས་མཚོ་བོད་ས་མཐོའི་དབུས་སུ་བསྐྱོད་པའི་ལམ་བུ་གལ་ཆེན་ཞིག་ཡིན་པ་ཤེས་རྟོགས་བྱུང་བ་རེད།དེར་བརྟེན་ཞིབ་འཇུག་མི་སྣས་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ལ་གནའ་རྫས་དཔྱད་ཞིབ་ཞིབ་འཇུག་ཞིབ་ཕྲ་དང་ཚད་ལེན་འཕྱུགས་མེད་བྱས་པ་རེད།

    ཁྲེན་ཧྥ་ཧུའུ་དང་།ཏུང་ཀོང་ཧུའེ།ཀྲང་ཏུང་ཅུས་སོགས་ཀྱིས་གཙོ་བོ་བྱེད་པའི་ཞིབ་འཇུག་ཚོགས་པས་2008ལོ་ནས་ད་བར་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ཀྱི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་ཀྱི་གནའ་ཤུལ་ཁག་200ལྷག་ཙམ་ལ་བརྟག་ཞིབ་བྱས་ནས་གནའ་རྫས་དཔྱད་ཞིབ་ཀྱི་ས་རིམ་སོར་གནས་ཡག་པོ་བྱུང་བའི་རྡོ་ཆས་སྤྱོད་པའི་དུས་རབས་གསར་པ—ལི་ཆས་སྤྱོད་པའི་རིག་གནས་ཀྱི་གནའ་ཤུལ་ཁག་53ལ་སྲོག་ཆགས་དང་རྩི་ཤིང་གི་འཕྲོས་ལུས་ལ་དབྱེ་ཞིབ་བྱ་རྒྱུ་གདམ་ག་བྱས་པ་རེད།དེའི་རྨང་གཞིའི་ཐོག་ཞིབ་འཇུག་ཚོགས་པས་སོལ་འགྱུར་རྩི་ཤིང་གི་ས་བོན་ལ་དབྱེ་ཞིབ་བྱས་པ་རེད།

    གསར་དུ་རག་པའི་གཞི་གྲངས་ལ་གཞིགས་པ་དང་འབྲེལ་ཁྱབ་སྤེལ་བྱས་པའི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཞིབ་འཇུག་གྲུབ་འབྲས་དང་ཟུང་འབྲེལ་བྱས་ནས་ཞིབ་འཇུག་ཚོགས་པས་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་ནང་མིའི་རིགས་ཀྱིས་མཚོ་བོད་ས་མཐོར་དུས་ཚིགས་རང་བཞིན་གྱི་རྔོན་རྒྱག་དུས་ཐུང་བྱས་པ་ནས་གཞི་ཁྱོན་ཆེ་བའི་ངང་རྒྱུན་སྡོད་བྱས་པའི་བར་འཕྲོད་པའི་བརྒྱུད་རིམ་རིང་པོ་འགོར་བ་ཤེས་རྟོགས་བྱུང་བ་རེད།གནའ་རབས་ཀྱི་མིའི་རིགས་ཀྱིས་གཞི་ཁྱོན་ཆེ་བའི་ངང་མཚོ་བོད་ས་མཐོར་གནས་སྡོད་བྱས་པ་དེ་ད་བར་ལོ་3600ལྷག་ཙམ་ཟིན་ཡོད་པ་དང་།གྲོ་གཙོ་བོར་བྱེད་པའི་གྲོ་ལས་ཞིང་ལས་དེས་སྐབས་དེའི་མིའི་རིགས་ལ་བཟའ་ཆའི་ཡོང་ཁུངས་ཡུན་རིང་མཁོ་འདོན་བྱས་ཡོད་པ་རེད།

    ཞིབ་འཇུག་ཚོགས་པས་མིའི་རིགས་མཚོ་བོད་ས་མཐོར་མཆེད་པའི“གོམ་སྟབས་གསུམ”ཐོག་མར་བཏོན་པ་སྟེ།ད་བར་ལོ་5200གོང་གི་དུས་སུ་རྡོ་ཆས་རྙིང་པ་སྤྱོད་མཁན་མི་ཚོགས་ཀྱིས་མཚོ་བོད་ས་མཐོའི་ས་བབ་དམའ་ཙམ་གྱི་སར་དུས་ཚིགས་རང་བཞིན་གྱི་རྔོན་རྒྱག་བྱས་པ་དང་།ད་བར་ལོ་5200གོང་ནས་ལོ་3600གོང་གི་དུས་སུ་ཞིང་ལས་མི་ཚོགས་ཀྱིས་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ཀྱི་ས་བབ་སྨི་2500མན་ཡོད་པའི་ལུང་གཞུང་དུ་གཞི་ཁྱོན་ཆེ་བའི་ངང་རྒྱུན་སྡོད་བྱས་པ།ད་བར་ལོ་3600ལྷག་ཙམ་ཡོད་པའི་དུས་སུ་ཞིང་འབྲོག་མཉམ་བསྲེས་ཀྱི་དཔལ་འབྱོར་མི་ཚོགས་ས་བབ་མཐོ་བའི་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་ངང་རྒྱ་སྐྱེད་བྱས་པ་བཅས་རེད།

    ཁྲེན་ཧྥ་ཧུའུ་ཡིས་དེ་སྔོན་སློབ་གསོའི་ལས་རིགས་ཀྱིས་དྲོད་ཚད་འཚམ་པའི་གནམ་གཤིས་ཀྱི་ཆ་རྐྱེན་ནི་ཡི་གེ་མ་བྱུང་གི་ལོ་རྒྱུས་ཀྱི་མིའི་རིགས་ཀྱིས་མཚོ་བོད་ས་མཐོར་རྒྱུན་སྡོད་བྱེད་པའི་རྒྱུ་མཚན་གཙོ་བོ་ཞིག་ཡིན་ཡང་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་ཀྱི་མིའི་རིགས་ནི་གོ་ལ་ཧྲིལ་པོའི་གནམ་གཤིས་གྲང་དུ་ཕྱིན་པའི་གནས་ཚུལ་འོག་གཞི་ནས་མཚོ་བོད་ས་མཐོའི་ས་བབ་མཐོ་བའི་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་ངང་རྒྱ་སྐྱེད་བྱས་པ་དང་།ཞིང་ལས་ལག་རྩལ་གསར་བཅོས་ལས་ཆེས་འགག་རྩའི་ནུས་པ་འདོན་སྤེལ་བྱས་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།

    འཛམ་གླིང་ཐོག་གི་ཆ་སྙོམས་ས་བབ་མཐོ་ཤོས་ཡིན་པའི་ས་མཐོ་དང་འཛམ་གླིང་གི་སྣེ་གསུམ་པ་ཡིན་པའི་མཚོ་བོད་ས་མཐོ་ནི་མིའི་རིགས་འཚོ་གནས་བྱེད་ཁག་ཤོས་ཀྱི་མཐར་སོན་ཁོར་ཡུག་གི་གྲས་ཤིག་ཡིན་པ་དེའི་ཧ་ཅང་ཞན་པའི་རང་བྱུང་ཁོར་ཡུག་དང་གསོ་རླུང་མི་འདང་བའི་གནད་དོན་ལས་མིའི་ལུས་ཁམས་དང་འཚོ་ཇུས་ལ་འགྲན་སློང་ཉིས་བརྩེགས་བྱས་ཡོད་པ་རེད།མིའི་རིགས་མཚོ་བོད་ས་མཐོར་གནས་སྡོད་བྱེད་པའི་ལོ་རྒྱུས་ལ་ཞིབ་འཇུག་བྱས་ཚེ་མིའི་རིགས་ཀྱིས་ཇི་ལྟར་བྱས་ནས་ས་མཐོའི་མཐར་སོན་ཁོར་ཡུག་དང་འཕྲོད་པ་བྱེད་པ་དང་དེ་བཞིན་བོད་རིགས་ཀྱི་འབྱུང་ཁུངས་ཤེས་རྟོགས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

རྩོམ་སྒྲིག་པ། མགོན་པོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག