མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་སྤྱི་བདེ་པུས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས།

སྦག་སྦག་གསར་པར་ཞིབ་བཤེར་བྱེད་མི་དགོས་པར་ཨང་རྟགས་བསྒར་རྗེས་ཕྱིར་ཚོང་བྱེད་ཆོག་པ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-12-02 11:29

   ཉེ་དུས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་སྤྱི་བདེ་པུས་མཉམ་འབྲེལ་ཐོག《འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དང་ཆེས་ཆུང་གྲས་དང་དེ་བཞིན་སྦག་སྦག་གི་ཐོན་སྐྱེད་དང་ཐོ་འགོད་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་ནས།འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་བདེ་འཇགས་རྩལ་ནུས་ཆེ་རུ་དང་བདེ་འཇགས་སྒྲིག་ཆས་ཀྱི་སྤུས་ཚད་ལེགས་སུ་གཏོང་བ་དང་།སྦག་སྦག་གསར་པར་ཨང་རྟགས་བསྒར་བར་ཞིབ་བཤེར་བྱེད་མི་དགོས་པ་དང“ཨང་རྟགས་ཡོད་པར་ཕྱིར་ཚོང”བྱེད་པ།བཟོ་གྲྭ་ནས་བཏོན་མ་ཐག་པའི་སྦག་སྦག་ལ་བདེ་འཇགས་ཞྭ་མོ་སྒྲིག་སྦྱོར་བྱེད་དགོས་རིགས་སོགས་ཐད་བླང་བྱ་ཁ་གསལ་བཏོན་ཡོད་པ་རེད།

    བརྡ་ཐོའི་ནང་།གྲོང་གསེབ་ཏུ་ཨང་རྟགས་ཡོད་པའི་སྦག་སྦག་ཕྱིར་ཚོང་བྱེད་རྒྱུ་རིམ་བཞིན་ཁྱབ་གདལ་བཏང་ནས་སྦག་སྦག་ཕྱིར་ཚོང་ཁེ་ལས་ལ་ཐོ་འགོད་ལས་དོན་ཚབ་སྒྲུབ་བྱ་རྒྱུའི་མངགས་བཅོལ་བྱས་ནས།སྦག་སྦག་ཕྱིར་ཚོང་མ་བྱས་གོང་གཅིག་སྡུད་ཞིབ་བཤེར་རྩིས་ལེན་བྱེད་པ་དང་སྔོན་ཚུད་ནས་ཨང་རྟགས་བསྒར་ཏེ་འབྲེལ་ཡོད་སྡེ་ཚན་དང་གྲོས་བསྡུར་བྱས་ནས་འགན་བཅོལ་དང་ཁྲལ་དོན་གཅིག་སྡུད་ཐོག་སྒྲུབ་གཉེར་གྱིས་མང་ཚོགས་སྦག་སྦག་ཉོ་སྐབས་ཐོ་འགོད་དང་ཨང་རྟགས་བསྒར་བའི་ལས་སྒོ་སྡེབ་གཅིག་ཏུ་སྒྲུབ་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།བརྡ་ཐོའི་ནང་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་དང་ལག་ཁྱེར་གྱི་འགྲོ་གྲོན་ཕུད“ཨང་རྟགས་ཡོད་པར་ཕྱིར་ཚོང”བྱེད་སྐབས་མང་ཚོགས་ཀྱི་ས་ནས་ཨང་རྟགས་བདམས་པའི་འགྲོ་སོང་དང་།ཚབ་སྒྲུབ་འགྲོ་སོང་སོགས་གང་ཡང་བསྡུ་མི་ཆོག་པའི་ནན་བཤད་ཀྱང་བྱས་ཡོད་པ་རེད།

    2015ལོའི་ཟླ་7ཚེས་1ཉིན་ནས་བཟུང་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དང་ཆེས་ཆུང་གྲས་ནང་འགྲུལ་པ་མི་གྲངས་7ལས་བརྒལ་ཏེ་བླུགས་མི་ཆོག་པའི་གཏན་འབེབས་བྱས་པ།

    མིག་སྔར་རང་རྒྱལ་གྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཁ་གྲངས་ཁྲི་1500ལྷག་ཙམ་ཟིན་པ་དང་།ལོར་ཆ་སྙོམས་རླངས་འཁོར་ཁྲི་200ལྷག་ཙམ་འཕར་གྱི་ཡོད།འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཐེག་ཚད་ལས་བརྒལ་བ་དང་ཐ་ན་ཐེག་ཚད་ལས་ཚབས་ཆེན་བརྒལ་བའི་སྣང་ཚུལ་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པ་མ་ཟད།འགྲུལ་སྐྱེལ་རླངས་འཁོར་དང་ཟོག་འདྲེན་རླངས་འཁོར་ནང་མི་གང་བྱུང་དུ་བླུགས་པ་དང་མི་ཚད་ལས་བརྒལ་བ་བླུགས་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་མང་པོ་ཐོན་གྱི་ཡོད་པ་དང་སྐྱོན་ལྡན་གྱི་རླངས་འཁོར་གཞུང་ལམ་ཐོག་བསྐྱོད་པ་ལས་འགྲིམ་འགྲུལ་ལས་འཛོལ་མང་པོ་ཞིག་ཐོན་གྱི་ཡོད།

    དེར་བརྟེན《བརྡ་ཐོའི》ནང་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་འགྲོ་སྐྱོད་ཀྱི་བདེ་འཇགས་རང་བཞིན་དང་།བཀག་གཏོང་གི་བདེ་འཇགས་རང་བཞིན།རླངས་འཁོར་གྱི་ཤུགས་ཚད་སོགས་རྩལ་ནུས་ཐད་བླང་བྱ་བཏོན་ནས།2015ལོའི་ཟླ་7ཚེས་1ཉིན་ནས་བཟུང་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དང་ཆེས་ཆུང་གྲས་ཚང་མར་འགོག་སྲུང་བཀག་གཏོང་མ་ལག(ABS)སྒྲིག་སྦྱོར་བྱས་ཏེ་རླངས་འཁོར་ནང་ཁ་ལོ་བ་ཚུད་པའི་འགྲུལ་པ་7ལས་བརྒལ་ཏེ་བླུགས་མི་ཆོག་པའི་གཏན་འབེབས་ནན་པོ་བྱས་ཡོད་པ་རེད།

    2014ལོའི་ཟླ་11ཚེས་1ཉིན་ནས་བཟུང་བཟོ་གྲྭས་སྦག་སྦག་ལ་བདེ་འཇགས་ཞྭ་མོ་སྒྲིག་སྦྱོར་བྱ་རྒྱུ་ཡིན་པ།

    མིག་སྔར་གྲོང་གསེབ་ཏུ་སྦག་སྦག་གཏོང་སྐབས་བདེ་འཇགས་ཞྭ་མོ་མི་གྱོན་པ་དང་ཨང་རྟགས་དང་ལག་ཁྱེར་མེད་པར་གཏོང་བ་སོགས་ཀྱི་སྣང་ཚུལ་ཡོངས་ཁྱབ་ངང་གནས་ཡོད།སྦག་སྦག་གསར་པ་ཐོ་འགོད་དང་ཨང་རྟགས་བསྒར་ཚད་དམའ་བ་དང་ཨང་རྟགས་དང་ལག་ཁྱེར་མེད་པར་གཏོང་བའི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་མང་པོ་ཐོན་ནས།འགྲིམ་འགྲུལ་ལས་འཛོལ་ཐོན་རྗེས་བྲོས་བྱོལ་སོང་བ་དང་སྦག་སྦག་བཞོན་ནས་འཕྲོག་བཅོམ་བྱེད་པ་སོགས་ཀྱི་གྱོད་གཞི་རྟག་ཏུ་ཐོན་གྱི་ཡོད་པས་མྱུལ་ཞིབ་ཉེས་རྩད་ཆོད་ཁག་པོ་ཡོད།དེའི་ཁྲོད་སྦག་སྦག་ཐོ་འགོད་བྱེད་སྐབས་ཐག་རིང་པོར་སྐྱོད་དགོས་པ་དང་།སྟབས་བདེ་པོ་མེད་པ།འགྲོ་གྲོན་མཐོ་བ།བདེ་འཇགས་ཀྱི་འདུ་ཤེས་ཞན་པ་སོགས་ནི་འཁོར་བདག་གིས་ཨང་རྟགས་བསྒར་མི་འདོད་པ་དང་བདེ་འཇགས་ཞྭ་མོ་གྱོན་མི་འདོད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།བསྡོམས་རྩིས་ལ་གཞིགས་ན།2013ལོར་ཐོན་པའི་སྦག་སྦག་གི་འགྲིམ་འགྲུལ་ལས་འཛོལ་ཁྲོད་བདེ་འཇགས་ཞྭ་མོ་མ་གྱོན་པ་དེས་70%བཟུང་ཡོད།འགྲིམ་འགྲུལ་ལས་འཛོལ་ལ་དབྱེ་ཞིབ་བྱས་ཚེ་སྦག་སྦག་གཏོང་སྐབས་བདེ་འཇགས་ཞྭ་མོ་མ་གྱོན་པའི་རྐྱེན་གྱིས་འགྲིམ་འགྲུལ་ལས་འཛོལ་ཐོན་ནས་ཤི་རྨས་མཇུག་འབྲས་ཚབས་ཆེ་རུ་སོང་བ་དང་ཤི་རྨས་ཀྱི་ཚད་གཞི་མཐོ་རུ་ཕྱིན་ཡོད།

    དེར་བརྟེན《བརྡ་ཐོའི》ནང་འཕྲུལ་སྒུལ་འཁོར་རིགས་ཞིབ་བཤེར་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སྦག་སྦག་གསར་པར་ཞིབ་བཤེར་མི་བྱེད་པའི་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་སྟེ།2014ལོའི་ཟླ་11ཚེས་1ཉིན་ནས་བཟུང་བཟོ་གྲྭ་ནས་བཏོན་མ་ཐག་པའི་སྦག་སྦག་ཚང་མ་འཕྲུལ་སྒུལ་འཁོར་རིགས་ཐོ་འགོད་མ་བྱས་གོང་བདེ་འཇགས་ལག་རྩལ་ཞིབ་བཤེར་མི་བྱ་རྒྱུའི་བླང་བྱ་བཏོན་ཡོད།མང་ཚོགས་ཀྱིས་སྦག་སྦག་ཉོས་རྗེས་འཕྲུལ་སྒུལ་འཁོར་རིགས་བདེ་འཇགས་ལག་རྩལ་ཞིབ་བཤེར་སྒྲིག་གཞིར་ཞིབ་བཤེར་བྱེད་པར་བསྐྱོད་མི་དགོས་པར་ཐད་ཀར་ཐོ་འགོད་བྱས་ནས་ཨང་རྟགས་བསྒར་ན་འགྲིག་གི་ཡོད་པ་རེད།

    དེ་དང་ཆབས་ཅིག་བརྡ་ཐོའི་ནང་།2014ལོའི་ཟླ་11ཚེས་1ཉིན་ནས་བཟུང་བཟོ་གྲྭ་ནས་བཏོན་མ་ཐག་པའི་འཁོར་གཉིས་སྦག་སྦག་ཚང་མར་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པའི་བདེ་འཇགས་ཞྭ་མོ་སྒྲིག་སྦྱོར་བྱེད་དགོས་པ་དང་གཏན་འབེབས་ལྟར་བདེ་འཇགས་ཞྭ་མོ་སྒྲིག་སྦྱོར་མི་བྱེད་པའི་རིགས་ཕྱིར་ཚོང་བྱེད་མི་ཆོག་པའི་གཏན་འབེབས་བྱས་ཡོད་པ་རེད།

རྩོམ་སྒྲིག་པ། མགོན་པོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག