མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཕྱི་དོན་ལས་དོན་གྲོས་ཚོགས་པེ་ཅིན་དུ་འཚོགས་པ་དང་ཞི་ཅིན་ཕིང་གིས་གལ་ཆེའི་གསུང་བཤད་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-12-01 11:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་ཕྱི་དོན་ལས་དོན་གྲོས་ཚོགས་སྤྱི་ཟླ་བཅུ་གཅིག་པའི་ཚེས28ཉིན་ནས29ཉིན་བར་པེ་ཅིན་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་ཐོག་གལ་ཆེའི་གསུང་བཤད་གནང་ཡོད།

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་རྒྱལ་ཕྱི་རྒྱལ་ནང་གི་གནས་བབ་ཆེན་པོ་གཉིས་ལ་གཅིག་གྱུར་འཆར་འགོད་གནང་བ་དང་། ཕྱི་འབྲེལ་གྱི་བྱེད་ཕྱོགས་སྲིད་ཇུས་རྒྱུན་མཐུད་རང་བཞིན་དང་བརྟན་ལྷིང་རང་བཞིན་རྒྱུན་འཁྱོངས་ཐུབ་པའི་རྨང་གཞིའི་སྟེང་རང་འགུལ་སྒོ་ནས་འཆར་འགོད་དང་། འབད་བརྩོན་ཆེན་པོས་ཡར་ཐོན་ཡོང་བ་བྱས་པས་ཕྱི་ཕྱོགས་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་དང་། རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། ཀྲུང་གོ་དང་འཛམ་གླིང་གྱི་འབྲེལ་བར་འགྱུར་བ་གཏིང་ཟབ་ཕྱིན་ཡོད་པ་དང་། རང་རྒྱལ་དང་རྒྱལ་སྤྱིའི་སྤྱི་ཚོགས་བར་གྱི་མཉམ་འབྲེལ་མཉམ་མཐུད་ཀྱང་སྔར་ན་མེད་པའི་འབྲེལ་བ་ཟབ་པ་དང་། རང་རྒྱལ་གྱིས་འཛམ་གླིང་ལ་བརྟེན་པ་དང་། རྒྱལ་སྤྱིའི་བྱ་དོན་ནང་ཞུགས་ཚད་ཀྱང་ཟམ་མི་ཆད་པར་གཏིང་ཟབ་ཏུ་སོང་བ། འཛམ་གླིང་གིས་རང་རྒྱལ་ལ་བརྟེན་པ་དང་། རང་རྒྱལ་ལ་ཐེབས་པའི་ཤུགས་རྐྱེན་ཡང་ཟམ་མི་ཆད་པར་གཏིང་ཟབ་ཏུ་འགྲོ་བཞིན་ཡོད། ང་ཚོས་སྒྱུར་བཅོས་གོང་འཕེལ་ལ་ལྟ་ཞིབ་དང་འཆར་འགོད་བྱེད་པར་ངེས་པར་དུ་རྒྱལ་སྤྱི་རྒྱལ་ནང་གི་ཁྲོམ་ར་གཉིས་དང་། རྒྱལ་སྤྱི་རྒྱལ་ནང་གི་ཐོན་ཁུངས་གཉིས། རྒྱལ་སྤྱི་རྒྱལ་ནང་གི་སྒྲིག་སྲོལ་གཉིས་བཅས་ལ་གཅིག་གྱུར་གྱི་བསམ་གཞིག་དང་ཕྱོགས་བསྡུས་བེད་སྤྱོད་བྱེད་དགོས་ཞེས་དང་། ཀྲུང་གོར་ངེས་པར་དུ་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་ལྡན་དགོས། ང་ཚོས་ལག་ལེན་གྱི་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་སྟེང་ཕྱི་ཕྱོགས་ལས་དོན་གྱི་འདུ་ཤེས་གོང་འཕེལ་དང་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། རང་རྒྱལ་གྱི་ཕྱི་ཕྱོགས་ལས་དོན་ལ་མངོན་གསལ་དོད་པའི་ཀྲུང་གོའི་ཁྱད་ཆོས་དང་། ཀྲུང་གོའི་ཉམས་འགྱུར། ཀྲུང་གོའི་ཉམས་སྣང་ཞིག་ཆགས་པ་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་། རང་རྒྱལ་གྱི་གོང་འཕེལ་ལམ་བུ་དང་སྤྱི་ཚོགས་ཀྱི་ལམ་ལུགས། རིག་གནས་སྲོལ་རྒྱུན། རིན་ཐང་ལྟ་བ་བཅས་རྒྱུན་འཁྱོངས་བྱེད་དགོས། རང་ཚུགས་རང་བདག་གི་ཞི་བདེའི་ཕྱི་འབྲེལ་བྱེད་ཕྱོགས་རྒྱུན་འཁྱོངས་དང་། རྒྱལ་ཁབ་དང་མི་རིགས་གོང་འཕེལ་གཏོང་རྒྱུ་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་རྨང་གཞིའི་ཐོག་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས། བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་ལམ་བུའི་ཐོག་བསྐྱོད་པ་དང་། ཞི་བའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་པ་དང་དུས་མཚུངས་སུ་ང་ཚོའི་ལུགས་མཐུན་གྱི་ཁེ་དབང་གཏན་ནས་དོར་མི་རུང་ལ་རྒྱལ་ཁབ་ཀྱི་སྲོག་ཤིང་ཁེ་ཕན་བློས་གཏོང་གཏན་ནས་བྱེད་མི་རུང་། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་ལ་འགྱུར་བ་བྱ་རྒྱུ་རྒྱུན་འཁྱོངས་དང་། ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་ཆེ་ཆུང་དང་སྟོབས་ཆེ་ཆུང་། དབུལ་ཕྱུག་བཅས་དབྱེ་བ་མི་ཕྱེ་བར་དེ་དག་ཚང་མ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འདྲ་མཉམ་ཁོངས་གཏོགས་ལ་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་པ། འཛམ་གླིང་གི་ལས་དབང་ངེས་པར་དུ་རྒྱལ་ཁབ་ཁག་གི་མི་དམངས་ནས་ཐུན་མོང་ཐོག་དམ་འཛིན་བྱ་རྒྱུ་དང་། རྒྱལ་སྤྱིའི་གཞུང་དྲང་དང་དྲང་བདེན་ལ་སྲུང་སྐྱོང་བྱ་རྒྱུ། ལྷག་པར་དུ་རྒྱ་ཆེའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཆེད་དུ་སྐད་ཆ་ཤོད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་བཤད་གནང་བ་དང་། ཞི་ཅིན་ཕིང་གིས་དུས་བབ་གསར་པའི་འོག་ཕྱི་འབྲེལ་འཐབ་ཇུས་ཀྱི་གནས་སྟངས་ཟམ་མི་ཆད་པར་རྒྱ་སྐྱེད་དང་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བླང་བྱ་བཏོན་གནང་བ་དང་། མཐའ་འཁོར་ཕྱི་འབྲེལ་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། མཐའ་འཁོར་གྱི་ལས་དབང་ཐུན་མོང་མ་ལག་གཏོད་པ། མཛའ་གྲོགས་དང་། ལྷག་བསམ། གཉིས་ཕན། ཁོག་ཡངས་བཅས་ཀྱི་ཕྱི་འབྲེལ་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། ཁྱིམ་མཚེས་དང་མཛའ་མཐུན་དང་། ཁྱིམ་མཚེས་དང་གྲོགས་པོ་སྒྲིག་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྱིམ་མཚེས་དང་ཞི་མཐུན་མཉམ་གནས་དང་། ཁྱིམ་མཚེས་དང་དུས་བདེ་ལྷིང་འཇགས་ཡོང་བ། ཁྱིམ་མཚེས་དང་མཉམ་ལས་བྱས་ཏེ་ཕྱུག་པོ་ཆགས་པ་བཅས་རྒྱུན་འཁྱོངས་བྱེད་པ། མཐའ་འཁོར་རྒྱལ་ཁབ་ཀྱི་གཉིས་ཕན་མཉམ་ལས་དང་མཉམ་འབྲེལ་མཉམ་མཐུད་གཏིང་ཟབ་ཏུ་གཏོང་དགོས། རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཆར་འགོད་ཡག་པོ་བྱེད་པ་དང་། སྐྱོན་བྲལ་དང་བརྟན་ལྷིང་ཡིན་པའི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་སྒྲོམ་གཞི་འཛུགས་པ། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་རྒྱ་ཆེར་གཏོང་དགོས། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། རང་རྒྱལ་གྱི་གོང་འཕེལ་དང་རྒྱ་ཆེའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གོང་འཕེལ་གྱི་འབྲེལ་བ་དམ་ཟབ་ཡོང་བ་བྱེད་དགོས། ཕྱོགས་མང་ཕྱི་འབྲེལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། རྒྱལ་སྤྱིའི་མ་ལག་དང་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། རང་རྒྱལ་དང་རྒྱ་ཆེའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་འགྲོ་བ་བྱེད་དགོས། དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ་དང་། ཁུལ་གཅིག་དང་ལམ་བུ་གཅིག་ཅེས་པའི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། འབད་བརྩོན་ཆེན་པོས་ཕྱོགས་ཁག་གི་ཁེ་ཕན་མཉམ་འདུས་ཡོང་ས་འཚོལ་ཞིབ་བྱེད་དགོས་པ་དང་དངོས་གཉེར་མཉམ་ལས་བརྒྱུད་མཉམ་ལས་གཉིས་རྒྱལ་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཏོན་གནང་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག