མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་མོ་སི་ཁོ་གྲོང་ཁྱེར་ནས་མོ་སི་ཁོ་ཡི་ཙུང་ཐུང་ཕེས་ཀིན་ཡར་མཇལ་འཕྲད་གནང་ཤིང་། པཱ་ཨར་ཝོ་ས་དང་ཨོ་ལོས་ཨོ་ལའེ་སི་གཉིས་དང་སོ་སོར་གྲོས་མོལ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-29 11:19

88.jpg

ཀྲང་ཏི་ཅང་གིས་ཚེས་ཉེར་ལྔ་ནས་ཚེས་ཉེར་དྲུག་ཉིན་བར་མོ་སི་ཁོ་རྒྱལ་ཁབ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་པ་དང་། མོ་སི་ཁོ་གྲོང་ཁྱེར་ནས་མོ་སི་ཁོ་ཡི་ཙུང་ཐུང་ཕེས་ཀིན་ཡ་ལ་མཇལ་འཕྲད་གནང་།

ཚེས་ཉེར་བརྒྱད་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མོ་སི་ཁོ་ཡི་དམངས་གྲོས་དཔོན་པོ་ཨོ་ལོས་ཨོ་ལའེ་སི་དང་གྲོས་མོལ་མཛད་པ།

ཚེས་ཉེར་བརྒྱད་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མོ་སི་ཁོ་ཡི་གྲོས་ཞུགས་དཔོན་པོ་པཱ་ཨར་ཝོ་ས་དང་གྲོས་མོལ་མཛད་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མོ་སི་ཁོ་ཡི་གྲོས་ཞུགས་དཔོན་པོ་པཱ་ཨར་ཝོ་ས་དང་དམངས་གྲོས་དཔོན་པོ་ཨོ་ལོས་ཨོ་ལའེ་སི་གཉིས་ཀྱིས་གདན་དྲངས་པ་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་ཉེར་ལྔ་ནས་ཚེས་ཉེར་དྲུག་ཉིན་བར་མོ་སི་ཁོ་རྒྱལ་ཁབ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་པ་དང་། མོ་སི་ཁོ་གྲོང་ཁྱེར་ནས་མོ་སི་ཁོ་ཡི་ཙུང་ཐུང་ཕེས་ཀིན་ཡ་ལ་མཇལ་འཕྲད་གནང་ཤིང་། པཱ་ཨར་ཝོ་ས་དང་ཨོ་ལོས་ཨོ་ལའེ་སི་གཉིས་དང་སོ་སོར་གྲོས་མོལ་མཛད།

ཕེས་ཀིན་ཉི་ཡ་ལ་མཇལ་འཕྲད་གནང་སྐབས། ཀྲང་ཏི་ཅང་གིས་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་བྱམས་བརྩེ་ངང་ཁོར་འཚམས་འདྲི་མཛད་བཞིན་པ་བརྒྱུད་སྒྲོག་གནང་། ཁོང་གིས་གསུངས་རྒྱུར། ཀྲུང་གོ་དང་མོ་སི་ཁོ་གཉིས་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་ཚོང་ར་གསར་བ་གལ་ཆེན་དར་རྒྱས་སུ་གཏོང་བཞིན་པའི་རྒྱལ་ཁབ་ཡིན་པས། ཐུན་མོང་གི་ཁེ་ཕན་མང་ཞིང་། མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད་ཟེར།ཅང་མ་འགོར་བའི་སྔོན་ལ་སྐུ་ཞབས་ཙུང་ཐུང་ལགས་ཀྱིས་ཀྲུང་གོར་འཚམས་འདྲིར་མཛད་སྐབས། ཀྲུའུ་ཞི་ཞི་ཅིན་ཕེན་དང་ཁྱེད་རྣམ་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་ཇེ་ཟབ་དུ་གཏོང་བའི་ཐད་ལ་གྲོས་མཐུན་གསར་བ་བཀོད་དེ་ཐུན་མོང་གི་ལྟ་བ་བྱུང་། ང་རང་རེབ་འདིར་ཡོང་བའི་དམིགས་ཡུལ་ཀྱང་ཁྲིམས་འཛུགས་ལས་ཁུངས་ཀྱི་ལྟ་སྟངས་ནས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་གྲོས་མོལ་གྱི་གྲུབ་འབྲས་དངོས་འབེབས་དང་ཡར་སྐུལ་བྱས་ནས། ཀྲུང་གོ་དང་མོ་སི་ཁོ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བཅའ་ཁྲིམས་ཀྱི་འགན་སྲུང་དང་དམངས་ཀྱི་འདོད་བློར་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡིན་ཟེར། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རྒྱང་རིང་ལ་དམིགས་ནས། ཁྱབ་ཁོངས་སོ་སོའི་འཐབ་ཇུས་མཉམ་ལས་གཏིང་ཟབ་དུ་སྤེལ་དགོས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་གཉིས་བར་གྱི་སྲོག་ཤིང་གི་ཁེ་ཕན་ལ་རྒྱབ་སྐྱོར་བྱས་ནས། རྨང་གཞི་སྒྲིག་ཆས་དང་ནུས་ཁུངས། ལག་རྩལ་མཐོན་པོ་སོགས་ཁྱབ་ཁོངས་ཐད་ནས་མཛའ་མཐུན་མཉམ་ལས་ལས་གཞི་རྒྱ་བསྐྱེད་དགོས་པ་དང་། རྒྱུན་ཆད་མེད་པར་སློབ་གསོ་དང་། ཚན་རྩལ། རིག་གནས་སོགས་ཁྱབ་ཁོངས་ཐད་ནས་མཛའ་མཐུན་འགྲོ་འོང་རྒྱ་བསྐྱེད་དེ། ཀྲུང་གོ་དང་མོ་སི་ཁོ་གཉིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་མཐོ་བའི་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་བྱེད་དགོས་ཟེར།

པཱ་ཨར་ཝོ་ས་དང་། ཨོ་ལོས་ཨོ་ལའེ་རྣམ་གཉིས་དང་སོ་སོ་གྲོས་མོལ་མཛད་སྐབས། ཀྲང་ཏི་ཅང་གིས་གསུངས་རྒྱུར། དེང་སྐབས་ཀྲུང་གོ་དང་མོ་སི་ཁོ་བར་གྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་ཆེས་བཟང་བོའི་གོ་སྐབས་སུ་གནས་ཡོད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་བརྗེ་རེས་དང་མཉམ་ལས་བྱེད་བཞིན་པས་རེ་བ་ཆེན་པོ་ཡོད་ཟེར། ཕྱོགས་གཉིས་ཀྱིས་རིམ་པ་སོ་སོའི་མཛའ་མཐུན་འགྲོ་འོང་དང་བརྗེ་རེས་དམ་པོ་བྱས་ནས། ཀྲུང་གོ་དང་མོ་སི་ཁོ་གྲོས་ཁང་གི་གྲོས་མོལ་གླེང་སྟེགས་བརྒྱུད་དེ། ཕན་ཚུན་བར་གྱི་ཁྲིམས་འཛུགས་དང་རྒྱལ་སྐྱོང་སྲིད་སྐྱོང་གི་ཉམས་མྱོང་ལ་སློབ་སྦྱོང་བྱས་ནས། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཞབས་ཞུ་སྒྲུབ་པ་དང་། འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་ཇུས་འཐུས་ཚང་དུ་གཏོང་བ། ཉོ་ཚོང་རང་དབང་ཅན་དང་དངུལ་གཏོང་སྟབས་བདེ་ཅན་དུ་ཡར་སྐུལ་བྱེད་པ་དང་། དངུལ་གཏོང་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས། ཀྲུང་གོ་དང་མོ་སི་ཁོ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཤུགས་སྣོན་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག