ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས26ཉིན་མཚོ་འགག་གཡས་གཡོན་གཉིས་པོའི་བྱ་དོན་གཙོ་འགན་ཚན་པ་ཁག་སོ་སོས་དབང་ཆ་སྤྲད་པ་བརྒྱུད། མཚོ་འགག་གཡས་གཡོན་གཉིས་པོའི་འབྲེལ་བའི་མཐུན་ཚོགས་དང་། ཐེ་ཝན་མཚོ་འགག་གཡས་གཡོན་གཉིས་པོའི་སྤེལ་རེས་ཐེབས་རྩ་ལྷན་ཚོགས་ཀྱིས་སྤྱི་ཟླ11པའི་ཚེས12ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐེ་ཝན་བྱ་དོན་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲང་ཀྲེ་ཅུན་དང་ཐེ་ཝན་ཕྱོགས་ཀྱི་སྐམ་སའི་བྱ་དོན་ཨུ་ཡོན་ལྷན་ཁང་གི་འགོ་འཛིན་ཝང་གཡུད་ཆི་གཉིས་ནས་ཁག་སོ་སོར་མཚོ་འགག་གཡས་གཡོན་གཉིས་པོའི་འབྲེལ་བའི་མཐུན་ཚོགས་དང་ཐེ་ཝན་གྱི་མཚོ་འགག་གཡས་གཡོན་གཉིས་པོའི་སྤེལ་རེས་ཐེབས་རྩ་ལྷན་ཚོགས་ལ་སྐམ་སའི་གྲོང་མིས་ཐེ་ཝན་བརྒྱུད་ས་ཆ་གཞན་ལ་འགྲོ་ཆོག་པའི་གྲོས་མོལ་འགོ་འཛུགས་དགོས་པ་མ་ཟད། སྔར་བས་སྤེལ་རེས་བྱས་ནས་མཚོ་འགག་གཡས་གཡོན་གཉིས་པོའི་སྤུན་ཟླ་ཕན་ཚུན་འགྲོ་འོང་བྱེད་བདེ་པོ་ཡོང་བ་བྱ་རྒྱུའི་དབང་ཆ་སྤྲད་པའི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱས་ནས། པེ་ཅིན་དུ་ལས་དོན་རང་བཞིན་གྱི་གྲོས་མོལ་ཐེངས་དང་པོ་དེ་བྱས་ཡོད་པ་རེད།
ཕྱོགས་གཉིས་པོས་ད་ཐེངས་གྲོས་མོལ་ཁྲོད་དགོངས་འཆར་བརྗེ་རེས་བྱས་པ་དང་། ཕྱོགས་སོ་སོས་དོ་ཁུར་བྱེད་པའི་གནད་དོན་ཐད་ཤེས་རྟོགས་བྱས་ཡོད་པ་རེད།
ཕྱོགས་གཉིས་པོས། ད་ཐེངས་ཀྱི་གྲོས་མོལ་དེ་དངོས་སྒྲུབ་དང་དགེ་མཚན་ལྡན་པ་ཞིག་ཡིན་པའི་ངོས་འཛིན་བྱས་པ་དང་། ཕྱོགས་གཉིས་པོས། ཐུན་མོང་འབད་བརྩོན་གྱིས་ཁ་ཕྱོགས་གཅིག་ལ་མདུན་སྐྱོད་བྱས་ནས། རྗེས་མཐུད་ཀྱི་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུ་དང། གང་མགྱོགས་སྐམ་སའི་གྲོང་མིས་ཐེ་ཝན་བརྒྱུད་ས་ཆ་གཞན་ལ་འགྲོ་ཆོག་པ་བཟོ་རྒྱུ་མ་ཟད་མཚོ་འགག་གཡས་གཡོན་གཉིས་པོའི་སྤུན་ཟླའི་འགྲོ་འོང་སྔར་བས་སྟབས་བདེ་རུ་གཏོང་རྒྱུའི་ཐད་ཐུན་མོང་ངོས་འཛིན་བྱུང་ཡོད་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།