མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཁྲིམས་སྲོལ་གསར་པས་གནས་གང་བྱུང་དུ་ཐ་མག་འཐེན་མཁན་དག་ལ་གཅུན་སྡོམ་བྱ་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-28 10:32

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་སྐྱོང་གཞུང་ལས་ཁང་གི་གཞུང་ཕྱོགས་དྲ་ཚིགས་ཤེས་རྟོགས་ཐུབ་རྒྱུར། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་གཞུང་ལས་ཁང་ནས་ཉེ་སྔོན་《མི་མང་འདུ་འཛོམས་ཆེ་སར་ཐ་མག་འཐེན་རྒྱུར་ཚོད་འཛིན་བྱ་ཐབས་ཀྱི་སྲོལ་ཡིག(ཞིབ་བཤེར་མ་ཡིག)》འོག་ཏུ་ཞིབ་བཤེར་མ་ཡིག་ཅེས་སུ་བསྡུ་རྒྱུ)ཞེས་པ་བསྒྲགས་ཏེ་སྤྱི་ཚོགས་ཡོངས་སུ་བསམ་འཆར་བསྡུ་ལེན་བྱས་ཡོད་པ་དང་ཞིབ་བཤེར་མ་ཡིག་གི་གཏན་འབེབས་དོན་ཚན་ཁག་གི་ནང་དུ་ཕྱོགས་ཡོངས་ནས་མི་མང་འདུ་འཛོམས་ཆེ་སར་རྡོ་ཐའི་རིགས་ཀྱི་བརྡ་ཁྱབ་སྤེལ་བ་དང་བྲིན་འཚོང་བྱེད་པ། ཡིད་མཐུན་རོགས་སྐྱོར་བྱེད་རིགས་ནན་འགོག་བྱ་རྒྱུ་ཡིན་འདུག

ཞིབ་བཤེར་མ་ཡིག་ཏུ་བཀོད་པར་གཞིགས་ན། ཕྱོགས་ཡོངས་ནས་མི་མང་འདུ་ཚོགས་ཆེ་བའི་ཚོམས་ཆེན་ཁག་ཏུ་ཐ་མག་འཐེན་པ་གཏན་འགོག་བྱ་རྒྱུ་ཡིན་པ་ཕུད་གཞན་ཁང་པའི་ཕྱི་ལོགས་ཀྱི་ལུས་སྦྱོང་ལྟེ་གནས་ཁག་ཏུ་ཡང་ཐ་མག་འཐེན་པ་ནན་འགོག་བྱ་རྒྱུ་རེད།

ཞིབ་བཤེར་འཆར་ཟིན་མ་ཡིག་དེའི་ཐོག་བཀོད་པར། ཡུལ་ལྗོངས་གནས་གཟིགས་ཁང་དང་རིག་དངོས་བདག་སྐྱོང་དོ་དམ་ཁང་། སྤྱི་གླིང་དང་རོལ་རྩེད་ལྟེ་གནས་ཁང་སོགས་ཀྱི་ཕྱི་ལོགས་སུ་ཆེད་དུ་ཐ་མག་འཐེན་སའི་ངེས་གཏན་གྱི་ས་ཆ་གཏན་འཁེལ་བཟོ་ཆོག་པ་ཕུད་དེ་མིན་ས་ཆར་ཐ་མག་འཐེན་མི་ཆོག་པའི་རེ་སྐུལ་བྱས་འདུག

ཞིབ་བཤེར་འཆར་ཟིན་མ་ཡིག་དེའི་ཐོག་བཀོད་པར་གཞིགས་ན། མི་མང་འདུ་འཛོམས་ཆེ་སའི་ས་ཆ་ཁག་ཏུ་ཐ་མག་འཐེན་མི་ཆོག་པ་གཏན་འགོག་བྱས་ཡོད་པ་བཞིན་དུ་ཚོང་ལས་ཆེད་གཉེར་མཁན་གྱི་གནས་དེའི་ཁོངས་སུ་ཐ་མག་འཐེན་རྒྱུའི་རྒྱུ་ཆ་འགྲེམ་མི་ཆོག་པ་དང་འབྲེལ་ཡོད་རྡོ་ཐའི་རིགས་ཀྱི་བརྡ་ཁྱབ་སྦྱར་སྤེལ་བྱེད་མི་ཆོག ལུགས་འགལ་གྱི་གནས་ཚུལ་དེ་རིགས་ཐོན་ཚེ་ཁ་ཏ་བསླབ་བྱ་བརྒྱབ་ཆོག་པ་དང་དེ་བཞིན་འགྲེལ་བཤད་ལ་མི་ཉན་མཁན་དག་ཚོང་ལས་གཉེར་ཡུལ་ནས་ཕྱིར་དེད་གཏོང་རུང་བ་དང་ཐ་ན་ཁ་ཏ་བསླབ་བྱར་མི་ཉན་པ་དང་ཕྱིར་དེད་གཏང་བར་ཡང་ངོ་རྒོལ་བྱེད་མཁན་ཡོད་ཚེ། འབྲེལ་ཡོད་ལྟ་སྐུལ་དོ་དམ་ཚན་པར་ཐེར་འདོན་བྱེད་ཆོག གལ་ཏེ་བཀག་སྡོམ་བསླབ་བྱར་མི་ཉན་པ་དང་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ལམ་ལུགས་ལ་གཏོར་འགལ་ཚབས་ཆེན་བཏང་ཚེ་སྤྱི་བདེ་ཉེན་རྟོག་ཚན་པར་གྱོད་དོན་སྙན་སེང་ཞུ་དགོས།

གལ་ཏེ་མི་སྒེར་གྱིས་སྤྱི་པའི་དོ་དམ་ཚོམས་ཆེན་སོགས་སུ་མི་གཞན་གྱིས་ཐ་མག་འཐེན་པ་དང་ཡང་ན་འབྲེལ་ཡོད་སྒྲིག་འགལ་བྱ་སྤྱོད་སྤེལ་བ་མཐོང་ཚེ། དེ་པས་རང་གི་ཁེ་དབང་སྲུང་བར་གཤམ་གྱི་ཐབས་ལམ་འདི་དག་སྤྱད་ཆོག ཐ་མག་འཐེན་མཁན་དེར་མྱུར་དུ་ཐ་མག་འཐེན་པ་མཚམས་འཇོག་བྱེད་པའི་རེ་བ་གཏོན་ཆོག་པ། མི་མང་འདུ་འཛོམས་ཆེ་སའི་ས་ཁོངས་དེའི་དོ་དམ་པའམ་བདག་གཉེར་བར་ཐ་མག་འཐེན་མཁན་དེ་པར་ཐ་མག་མི་འཐེན་རྒྱུའི་རེ་སྐུལ་བྱ་རྒྱུའི་རེ་བ་གཏོན་ཆོག ལྟ་སྐུལ་དོ་དམ་ཚན་པར་སྤྱི་པའི་ཁེ་དབང་ལ་གནོད་འཚེ་གཏོང་མཁན་གྱི་མི་སྣར་བཀག་སྡོམ་མི་བྱེད་མཁན་གྱི་བདག་གཉེར་བའམ་དོ་དམ་པ་དེ་ཐེར་འདོན་བྱ་ཆོག

ཞིབ་བཤེར་འཆར་ཟིན་མ་ཡིག་ཐོག་བཀོད་པར། རྡོ་ཐའི་རིགས་ཐོན་སྐྱེད་བྱེད་མཁན་གྱི་བཟོ་གྲྭའམ་ཁེ་ལས་ནས་རྡོ་ཐའི་ཐོན་རྫས་ཐོག་ཏུ་ཐ་མག་གིས་མིའི་བདེ་ཐང་ལ་གནོད་འཚེ་ཡོད་པའི་གསལ་བཤད་ཡི་གེ་དང་པར་རིས་གསལ་པོ་འགོད་དགོས་པ་དང་པར་རིས་ཀྱི་ཆེ་ཆུང་ཤོག་སྒམ་ངོས་ཀྱི་རྒྱ་ཁྱོན་གྱི་གཉིས་ཆ་གཅིག་ལས་མི་ཆུང་བ་དགོས་པ་རེད།

དེ་དང་ཕྱོགས་མཚུངས། ཞིབ་བཤེར་འཆར་ཟིན་མ་ཡིག་ཐོག་ཏུ་གཞུང་ལས་དང་སྤྱི་པའི་ལས་དོན་ཆེ་ཁག་སྤེལ་སྐབས་གཙོ་གཉེར་ཚན་པས་རྡོ་ཐའི་རིགས་ཀྱི་དངོས་པོ་མཁོ་འདོན་བྱེད་པ་དང་བེད་སྤྱོད་གཏོང་བ། ལེགས་སྐྱེས་སུ་སྟེར་བ་སོགས་ཀྱི་བྱ་སྤྱོད་གཏན་འགོག་བྱེད་དགོས། རྒྱལ་ཁབ་ལས་ཁུངས་ཁག་གི་ལས་བྱེད་པ་དང་དགེ་རྒན། སྨན་པ་སོགས་ནས་མགོ་ཁྲིད་དེ་ཐ་མག་འཐེན་པར་ཚོད་འཛིན་བྱེད་དགོས་སྐོར་དང་རྒྱལ་ཁབ་ལས་བྱེད་པས་གཞུང་དོན་གཉེར་བའི་གོ་རིམ་ཁྲོད་དུ་ཐ་མག་འཐེན་མི་རུང་བ་དང་དགེ་རྒན་གྱིས་སློབ་མའི་མདུན་དུ་ཐ་མག་འཐེན་མི་རུང་བ། སྨན་པས་ནད་པའི་མདུན་དུ་ཐ་མག་འཐེན་མི་ཆོག་པ་སོགས་ཀྱི་དོན་ཚན་གཏན་འབེབས་བྱས་ཡོད་འདུག

ཞིབ་བཤེར་འཆར་ཟིན་མ་ཡིག་ཐོག་གློག་བརྙན་དང་བརྙན་འཕྲིན། དེ་བཞིན་འབྲེལ་ཡོད་ལེ་ཚན་གཞན་དག་ནང་རྡོ་ཐའི་ཚོང་རྟགས་དང་ནང་དོན། རྣམ་པ་གཞན་པའི་ལམ་ནས་བརྡ་ཁྱབ་སྤེལ་བ་སོགས་གཏན་འགོག་བྱས་ཡོད། དེ་བཞིན་གློག་བརྙན་བརྙན་འཕྲིན་དང་འབྲེལ་ཡོད་ལེ་ཚན་ཁག་ཏུ་དུ་འགོག་ས་ཆར་ཐ་མག་འཐེན་པའི་འཆར་བརྙན་དང་ལོ་ན་མ་སོན་པའི་མིས་ཐ་མག་ཉོ་བ་དང་ཐ་མག་འཐེན་པ་སོགས་བྱིས་པ་དང་ཐ་མག་གི་འབྲེལ་བའི་སྣང་བརྙན་ཐོན་མི་ཆོག་པ། བྱིས་པའི་མདུན་དུ་དུ་བ་སྤྱོད་པའི་སྣང་བརྙན་སོགས་བྱིས་པའི་སེམས་ཁམས་འཚར་ལོངས་ལ་གནོད་སྐྱོན་ཡོད་པའི་ཐ་མག་གི་སྣང་བརྙན་ཐོན་མི་ཆོག་པ་སོགས་བཀོད་འདུག གལ་ཏེ་གོང་གི་གློག་བརྙན་བརྙན་འཕྲིན་གྱི་འབྲེལ་ཡོད་གཏན་འབེབས་ཁག་དང་འགལ་ན། རླུང་བརྙན་གསར་འགྱུར་དཔེ་སྐྲུན་དོ་དམ་ཚན་པས་དུས་བཀག་བཅོས་འགྱུར་གྱི་བཀའ་བཀོད་བཏང་སྟེ་ཐ་ཚིག་སྒྲོག་པ་དང་སྒོར་སྟོང་ལྔ་ཡན་དང་ཁྲི་གསུམ་མན་གྱི་ཆད་པ་གཅོད་རྒྱུ་ཡིན་པ་དང་བྱས་ཉེས་ཚབས་ཆེན་ཁག་ལ་ལས་གཉེར་མཚམས་འཇོག་སྒོས་བཅོས་སྒྲིག་བཀའ་འབེབས་བྱ་རྒྱུ་རེད།

གཏན་འབེབས་ནང་བཀོད་དོན། རྡོ་ཐའི་ཐོན་རྫས་ནར་མ་སོན་པའི་སྐྱེ་བོར་བཙོང་མི་ཆོག་པ་དང་གལ་ཏེ་ཉོ་མཁན་དེ་ཉིད་ཕྱི་ཚུལ་ནས་ནར་སོན་མིན་ཐག་ཆོད་དཀའ་ཚེ་དེའི་ཐོབ་ཐང་ལག་འཁྱེར་ལ་བརྟག་དཔྱད་བྱེད་ཆོག ཐོབ་ཐང་ལག་འཁྱེར་མཁོ་འདོན་མི་བྱེད་མཁན་དག་ལ་ཕྱིར་ཚོང་བྱེད་མི་ཆོག་ཅེས་གསལ།

དེ་དང་དུས་མཚུངས་དྲ་བའི་ཐོག་ནས་ནར་མ་སོན་པའི་མིར་རྡོ་ཐའི་རིགས་ལྐོག་ཚོང་བྱེད་པ་ནན་འགོག་བྱེད་དགོས་པ་དང་དྲ་བའི་ཆ་འཕྲིན་མཁོ་འདོན་བྱེད་མཁན་གྱི་ཞབས་ཞུའི་བདག་གཉེར་བས་དྲ་ཐོག་ནས་ཆ་འཕྲིན་མ་ལག་བེད་སྤྱད་དེ་ནར་མ་སོན་པའི་མིར་རྡོ་ཐའི་རིགས་ལྐོག་ཚོང་བྱེད་མཁན་གྱི་དྲ་བའི་ཚོང་གཉེར་བ་ཤེས་རྟོགས་བྱུང་མ་ཐག་ཁྲིམས་འགལ་གྱི་ཆ་འཕྲིན་ཁག་ནག་གསུབ་གཏོང་དགོས་པ་དང་དེའི་ཆ་འཕྲིན་ཉར་ཚགས་བྱས་རྗེས་འབྲེལ་ཡོད་ཚན་པར་སྙན་སེང་ཞུ་དགོས།

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག