མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-27 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས་ཕྱི་ཕྱོགས་ཀྱིས་འགན་ལེན་བྱས་པའི་རང་རྒྱལ་གྱི་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བ་དང་། ཕྱི་ཕྱོགས་ཉོ་ཚོང་གི་འགྲན་རྩོད་ལ་ཁྱད་སྟོབས་གསར་བ་སྐྲུན་པ། སྔར་ལས་ལྷག་པའི་སྒོ་ནས་འགོ་ནད་སྔོན་འགོག་བྱེད་པའི་མི་སྣའི་ལུས་ཕུང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་གཏན་འཁེལ་བྱེད་པའི་བྱ་བ་བཅས་བཀོད་སྒྲིག་བྱས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཁའ་དབུགས་རྩོག་བཟོ་བཅོས་སྐྱོང་བྱེད་པའི་གྲོས་ཆོད་འཆར་ཟིན་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ནས་བསྟན་དོན། བཅོས་སྒྱུར་དང་གསར་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་འཛམ་གླིང་གི་ཚོང་རར་ཁ་ཕྱོགས་པ་དང་། ཚན་རྩལ་མཐོན་པོ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་བཏང་སྟེ་ཕྱི་ཕྱོགས་སུ་འགན་ལེན་བྱས་པའི་ལྷད་མེད་ཐོན་ལས་ལ་ཞབས་ཞུ་ལེགས་པོ་བྱས་ནས་ཚང་མའི་ལས་ཞུགས་དང་ཚང་མའི་གསར་སྐྲུན་ལ་ཡར་སྐུལ་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་ནས་འགོ་ནད་འགོག་བཅོས་བྱེད་པའི་མི་སྣ་ནི་ནད་གདོན་ལ་འཐབ་འཁྲུག་བྱེད་པའི་ལས་གནས་དང་པོ་ན་ཡོད་པ་དང་ཁོ་ཚོ་ནི་མང་ཚོགས་ཀྱི་མི་ལུས་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་བདེ་སྲུང་པ་ཡིན། དེང་སྐབས་འཛམ་གླིང་དུ་འགོ་ནད་རྒྱ་ཡན་དུ་འགྲོ་བའི་མདུན་དུ་སྔར་ལས་ལྷག་པའི་སྒོ་ནས་ཁོ་ཚོའི་ལུས་ཕུང་བདེ་ཐང་ལ་དོ་སྣང་བྱེད་པ་དེ་སྲིད་གཞུང་དང་སྤྱི་ཚོགས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་པར་འདོད།

གྲོས་ཚོགས་ནས་དོན་དག་གསུམ་གཏན་འཁེལ་བྱས་པ་སྟེ་གཅིག་ནི་བདེ་འཇགས་འགན་སྲུང་བྱེད་པའི་ཚད་གཞི་འཐུས་ཚང་དུ་གཏོང་དགོས། གཉིས་ནི་བདེ་འཇགས་འགན་སྲུང་གི་སྒྲིག་ཆས་འཛུགས་སྐྲུན་དང་སྒྲིག་སྦྱོར་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་དགོས། གསུམ་ནི་རིམ་པ་མཐོ་བའི་སྐྱེ་དངོས་ལ་ཚོད་ལྟ་བྱེད་སར་ཚན་རིག་ལྟར་འཆར་འགོད་དང་འཛུགས་སྐྲུན་བྱེད་པ་བཅས་ཡིན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག