མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་ཁོ་ལོམ་པི་ཡ་རྒྱལ་ཁབ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-26 11:20

ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་ཉེར་བཞི་ཉིན་ཁོ་ལོམ་པི་ཡ་གྲོས་ཞུགས་ཁང་གི་གྲོས་དཔོན་ཨ་མེན་དང་གྲོས་མོལ་མཛད་བཞིན་པ།

ཀྲང་ཏི་ཅང་གིས་ཚེས་ཉེར་བཞི་ཉིན་པོ་ཀི་ཏ་ནས་ཁོ་ལོམ་པི་ཡའི་ཙུང་ཐུང་སང་ཐོའོ་སིར་མཇལ་འཕྲད་གནང་།

གྲོས་མོལ་མ་བྱས་སྔོན་ལ། ནཱ་མའེ་ཡིས་ཁོ་ལོམ་པི་ཡ་རྒྱལ་ཚོགས་ཀྱི་ཚབ་བྱས་ཏེ་ཨུ་ཡོན་ཀྲང་ཀྲང་ཏི་ཅང་ལ“གསེར་གྱི་དམིགས་བསལ་རྒྱ་གྲམ་རྟགས་མ”བྱིན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁོ་ལོམ་པི་ཡ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཞོར་དུ་གྲོས་ཞུགས་དཔོན་པོ་ནཱ་མའེ་ཡིས་གདན་དྲངས་བ་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་ཉེར་གསུམ་ནས་ཚེས་ཉེར་ལྔ་ཉིན་བར་ཁོ་ལོམ་པི་ཡ་རྒྱལ་ཁབ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་མགོ་བརྩམས་ཤིང་། པོ་ཀི་ཏ་ནས་ཁོ་ལོམ་པི་ཡའི་ཙུང་ཐུང་སང་ཐོའོ་སིར་མཇལ་འཕྲད་གནང་། རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཞོར་དུ་གྲོས་ཞུགས་དཔོན་པོའི་འགན་ཁུར་བ་ནཱ་མའེ་དང་། དམངས་གྲོས་དཔོན་པོ་ཨ་མེན་གཉིས་དང་སོ་སོར་གྲོས་མོལ་མཛད།

སང་ཐོའོ་སི་ལ་མཇལ་འཕྲད་གནང་སྐབས། ཀྲང་ཏི་ཅང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཁོང་ལ་བྱམས་བརྩེ་ངང་འཚམས་འདྲི་མཛད་པ་བརྒྱུད་སྒྲོག་གནང་། ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་དང་ཁོ་ལོམ་པི་ཡ་བར་རྒྱལ་ཁབ་འབྲེལ་བ་བཙུགས་ནས་ལོ་འཁོར་སུམ་ཅུ་ལྷག་གི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐྱོན་བྲལ་ཞིང་བརྟན་འཇགས་ངང་འཕེལ་རྒྱས་སུ་སོང་། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ནས་ནམ་ཡིན་ཡང་ཕན་ཚུན་ཡིད་ཆེས་དང་། ཕན་ཚུན་རྒྱབ་སྐྱོར་བྱས། ཀྲུང་གོ་ཕྱོགས་ཀྱིས་ཁོ་ལོམ་པི་ཡའི་མཛའ་མཐུན་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་ཚད་མཐོན་པོ་གནང་བཞིན་པ་དང་། ཁྱེད་རྒྱལ་ཁབ་ཀྱིས་རྒྱལ་ཁབ་འཕེལ་རྒྱས་དང་ཞི་བདེ་ལས་དོན་ཡར་སྐུལ་གཏོང་བའི་ཐད་བླངས་བའི་དགེ་མཚན་ལྡན་པའི་གྲུབ་འབྲས་ལ་བསྟོད་བསྔགས་བྱེད་ཀྱིན་ཡོད། ཁོ་ལོམ་པི་ཡ་ཕྱོགས་ཀྱིས་ཐེ་ཝན་སོགས་གནད་དོན་ཐད་ནས་ཡུན་རིང་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཀྲུང་གོའི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་བཏང་ཞིང་། རྒྱལ་ཁབ་གཉིས་ཀྱི་ཅུང་བཟང་བོའི་ཆབ་སྲིད་འབྲེལ་བ་ནུས་བ་ཡོད་པའི་སྒོ་ནས་དཔལ་འབྱོར་ཉོ་ཚོང་དང་མི་གཞུང་སོགས་ཁྱབ་ཁོངས་དངོས་གཉེར་མཉམ་ལས་བྱེད་པར་ཡར་སྐུལ་བྱས། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་མགྱོགས་མྱུར་ངང་འཕར་སྣོན་བྱུང་ནས། ཀྲུང་གོ་ཁོ་ལོམ་པི་ཡའི་ཉོ་ཚོང་གྲོགས་པོ་གཉིས་པར་གྱུར་ཟེར། སང་ལོ་ནི་ཀྲུང་གོ་དང་ཁོ་ལོམ་པི་ཡ་བར་རྒྱལ་ཁབ་འབྲེལ་བ་བཙུགས་ནས་ལོ་འཁོར་སོ་ལྔ་ལོན་པའི་ལོ་ཡིན་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་གོ་སྐབས་གསར་བར་ཐུག་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁོ་ལོམ་པི་ཡ་ཕྱོགས་དང་མཉམ་དུ། ཆབ་སྲིད་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། རྒྱུན་ཆད་མེད་པར་དངོས་གཉེར་མཉམ་ལས་ཀྱི་ཆུ་ཚད་ཇེ་མཐོར་བཏང་ནས། ཀྲུང་གོ་དང་ཁོ་ལོམ་པི་ཡའི་མཛའ་མཐུན་མཉམ་ལས་བྱ་བས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་ཁེ་ཐོབ་པར་བྱེད་འདོད་ཡོད་ཟེར།

སང་ཐོའོ་ཡིས་བཤད་རྒྱུར། ཁོ་ལོམ་པི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་བར་ཐག་རིང་མོད། ཡིན་ནའང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་ཕན་ཚུན་བརྩི་འཇོག་བྱེད་བཞིན་ཡོད། ཁོ་ལོམ་པི་ཡས་ཀྲུང་གོའི་སྲོལ་རྒྱུན་གྱི་མཛའ་བཤེས་ལ་གཙིགས་འཛིན་བྱེད་བཞིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་སྔར་ལས་གཏིང་ཟབ་དུ་སྤེལ་ནས། ཕན་ཚུན་བར་གྱི་ཆབ་སྲིད་བྱ་བར་ཤུགས་སྣོན་པར་རྒྱབ་སྐྱོར་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་དང་། དངུལ་གཏོང་། ཞིང་ལས་སོགས་ཁྱབ་ཁོངས་མཉམ་ལས་ལ་ཤུགས་བསྣན་ནས། ཁོ་ལོམ་པི་ཡ་དང་ཀྲུང་གོ ལ་ཏིན་མེ་གླིང་དང་ཀྲུང་གོ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་དགོས་ཟེར། 

 ནཱ་མའེ་དང་ཨ་མེན་གཉིས་ཀྱིས་བསྟན་དོན། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གིས་ཐོག་དང་པོར་ཁོ་ལོམ་པི་ཡར་འཚམས་འདྲི་མཛད་པ་དེ་དོན་སྙིང་གལ་ཆེན་ལྡན། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛིན་ལས་ཁུངས་ཀྱིས་རང་སོ་སོའི་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་དུ་གོ་གནས་གལ་ཆེན་ལྡན་པར་བྱས་ནས། ཁོ་ལོམ་པི་ཡ་རྒྱལ་ཚོགས་ཀྱི་གྲོས་ཞུགས་ཁང་དང་དམངས་གྲོས་ཁང་གཉིས་ཀྱིས་ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་མཉམ་དུ་ཁོ་ལོམ་པི་ཡ་དང་ཀྲུང་གོ་བར་ཕན་ཚུན་ཡིད་ཆེས་དང་བརྩི་བཀུར་བྱེད་པར་ཤུགས་སྣོན་པ། དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ནས་སྔར་ལས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་པ་དང་། ཁོ་ལོམ་པི་ཡ་རྒྱལ་ཚོགས་ཀྱིས་ཀྲུང་གོ་ཞི་བདེ་གཅིག་གྱུར་ལས་དོན་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

གྲོས་མོལ་མ་བྱས་སྔོན་ལ། ནཱ་མའེ་ཡིས་ཁོ་ལོམ་པི་ཡ་རྒྱལ་ཚོགས་ཀྱི་ཚབ་བྱས་ཏེ་ཨུ་ཡོན་ཀྲང་ཀྲང་ཏི་ཅང་ལ“གསེར་གྱི་དམིགས་བསལ་རྒྱ་གྲམ་རྟགས་མ”བྱིན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག