མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྒྱུར་བཅོས་དེ་ཁྲིམས་སྐྱོང་གི་ལམ་བུའི་ཐོག་བརྟན་པོའི་ངང་སྐུལ་འདེད་གཏོང་བཞིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-26 10:45

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཁྲིམས་སྐྱོང་ནི་དེང་རབས་རྒྱལ་ཁབ་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་ཀྲུང་གོའི་འབྱུང་འགྱུར་དང་འབྲེལ་བ་ཡོད་པ་དང་། རྒྱལ་དམངས་ཚང་མའི་ཁེ་ཕན་དང་འབྲེལ་བ་ཡོད། ཏང་གི་སྐབས་༡༨པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྤྱིའི་དམིགས་འབེན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་ཆེད་གལ་ཆེའི་གཞི་འཛིན་ས་དང་བྱ་སྤྱོད་ཁ་ཕྱོགས་འཁོ་འདོན་བྱས་ཡོད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་གོང་འཕེལ་བརྒྱུད་རིམ་ཁྲོད་དུས་རབས་དབྱེ་བའི་ལོ་རྒྱུས་དོན་སྙིང་ལྡན་ཡོད་ཅེས་བཏོན་ཡོད་པ་རེད།

ཏང་གི་ཚོགས་ཆེན18པ་ཚོགས་ཚུན། ཀྲུང་དབྱང་དང་འབྲེལ་ཡོད་ཚན་པས་དུས་བདེའི་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་བྱ་རྒྱུར་དམ་པོར་གཞིགས་ནས་ཁྲིམས་འཛིན་སྒྱུར་བཅོས་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད། ངལ་རྩོལ་སྒྱུར་བཀོད་ལམ་ལུགས་མེད་པ་བཟོས་པས། དུས་རབས་ཕྱེད་ཀ་ཙམ་ལག་བསྟར་བྱས་པའི་ངལ་རྩོལ་སྒྱུར་བཀོད་ལམ་ལུགས་མེད་པ་བཟོས་ཡོད། ཁྲིམས་དང་འབྲེལ་བ་ཡོད་པ་དང་ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་བསྐུར་ངོ་གཏུག་བྱ་དོན་དེ་སྤྱིར་བཏང་གི་ཡིག་བསྐུར་ངོ་གཏུག་སྒྲིག་གཞིའི་ཁྲོད་ནས་ཁ་བྲལ་ཡོད་པ་དང་། སྲིད་ཁྲིམས་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐག་གཅོད་བྱེད་ཀྱི་ཡོད། ཁྲིམས་འཛིན་ཡོངས་བསྒྲགས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ཁྲིམས་འཛིན་དབང་ཆ་ཁ་གསལ་དང་བེད་སྤྱོད་གཏོང་གི་ཡོད། ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་ལ་སྔར་བས་སྐུལ་འདེད་བཏང་ཡོད། ནོར་འཁྲུལ་གྱི་གྱོད་གཞི་ཡོ་བསྲང་བྱེད་པ་དང་། འགན་འཁྲི་རྩད་གཅོད་སྒྲིག་གཞི་འཐུས་སྒོ་ཚང་དུ་བཏང་ཡོད། ཁྲིམས་འཛིན་མི་སྣ་རིགས་དབྱེ་ནས་དོ་དམ་བྱ་རྒྱུ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བས་ལྟེ་བ་བྱས་པའི་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ཧྲང་ཧའེ་དང་། ཀོང་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་༦ལ་ཚོད་ལྟའི་ལག་བསྟར་བྱས་ཡོད། འབད་བརྩོན་ཆེན་པོས་མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་ནས་འདྲ་མཉམ་གཞུང་དྲང་ཚོར་སྣང་ཐུབ་པ་བྱ་རྒྱུ་དེ་ཁྲིམས་སྐྱོང་འཛུགས་སྐྱོང་གི་དམིགས་འབེན་དང་བླང་བྱ་གསལ་པོར་གྱུར་ཡོད་པ་རེད། ཀྲུང་དབྱང་ཏང་གི་སློབ་གྲྭའི་སྲིད་ཁྲིམས་པུའི་ཀྲུའུ་རེན་ཀྲང་ཧང་ཧྲན་གྱིས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་པ་ནི་ཕྱོགས་ལྔ་གཞི་གཅིག་ཅན་ལ་སྤྱི་ཡོངས་ནས་སྐུལ་འདེད་གཏོང་བའི་ལས་འགན་གཙོ་བོ་ཡིན་པ་དང་། དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་བཅས་ཕྱོགས་ལྔ་ཚུད་ཡོད། ཁྲིམས་སྐྱོང་བྱས་ཚེ་གཞི་ནས་དམིགས་འབེན་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་ཐུབ་ཅེས་གསུངས་ཡོད་པ་རེད།

ཀྲུང་དབྱང་སྲིད་ཁྲིམས་སློབ་ཆེན་གྱི་ཁྲིམས་ལུགས་རིག་པའི་དགེ་རྒན་ཆེན་མོ་བ་ཅའོ་ཧོང་ཁྲང་གིས། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ཡིན་པ་དང་། དེའང་ཁྲིམས་སྐྱོང་གི་འགན་ལེན་དང་ཁ་བྲལ་ཐབས་མེད་ཅེས་གསུངས་ཡོད་པ་རེད།

རིགས་གཅིག་མཁས་པས། ལོ་ངོ30ལྷག་ཙམ་གྱི་སྒྱུར་བཅོས་སྒོ་དབྱེའི་ཉམས་མྱོང་ལས་མངོན་པར། ཀྲུང་གོ་བདེ་བླག་ངང་གོང་འཕེལ་འགྲོ་བའི་འཕེལ་རིམ་དེ་ནི་ཁྲིམས་སྐྱོང་ཡར་རྒྱས་འགྲོ་བའི་འཕེལ་རིམ་ཞིག་ཡིན། ཁྲིམས་སྐྱོང་ཁ་གསལ་དང་ཡག་པོ་བྱུང་ཚེ་རྒྱལ་ཁབ་བདེ་ཞིང་མི་དམངས་བདེ་སྐྱིད་ཡོང་ཐུབ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དེས་ང་ཚོའི་སྤྱི་ཚོགས་དེ་ཉིད་འཕོ་འགྱུར་གཏིང་ཟབ་འགྲོ་བའི་ཁྲོད་གསོན་ཤུགས་ལྡན་པ་མ་ཟད་གོ་རིམ་ལྡན་པ་ཡོང་ཐུབ་པའི་ཡིད་ཆེས་ཡོད་ཅེས་བསྟན་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག