

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕེ་རུ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་སོ་ལོ་ས་ནོ་ཡིས་གདན་དྲངས་པ་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གསུམ་ཉིན་བར་ཕེ་རུ་རྒྱལ་ཁབ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད། ལི་མ་ནས་ཕེ་རུ་རྒྱལ་ཁབ་ཀྱི་ཙུང་ཐུང་བུའུ་མ་ལར་མཇལ་འཕྲད་གནང་དང་། རྒྱལ་ཚོགས་ཀྱི་ཀྲུའུ་ཞི་སོ་ལོ་ས་ནོ་དང་གྲོས་མོལ་མཛད།
བུའུ་མ་ལར་མཇལ་འཕྲད་གནང་སྐབས། ཀྲང་ཏི་ཅང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་བུའུ་མ་ལར་སྙིང་ཉེ་བའི་ངང་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་མཛད། ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་དང་ཕེ་རུ་གཉིས་ནི་སྲོལ་རྒྱུན་མཛའ་མཐུན་ལྡན་པའི་རྒྱལ་ཁབ་ཡིན་ལ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་དུས་ཡུན་རིང་བོར་འགྲོ་འོང་དམ་པོ་བྱེད་པ་དང་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ། གཉིས་ཕན་མཉམ་ལས་བྱེད་པ། མཉམ་དུ་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ནས། སྤུན་ཟླ་ལྟ་བུའི་བརྩེ་དུང་ཆགས། ཁྱད་པར་དུ་ཉེ་བའི་ལོ་འགའི་རིང་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་དང་བདེ་བླག་སྒོས་འཕེལ་རྒྱས་སུ་སོང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་སྟེང་གི་ཆེས་བཟང་བའི་དུས་སྐབས་ཤིག་ཏུ་བསླེབས་ཡོད། ངས་ཐེངས་འདིར་འཚམས་འདྲི་བྱེད་པའི་དམིགས་ཡུལ་ནི་ཁྲིམས་འཛུགས་ལས་ཁུངས་ཀྱི་ཕྱོགས་ནས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་གོ་དང་ཕེ་རུ་གཉིས་ཀྱི་མཛའ་མཐུན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་རྒྱུ་དེ་ཡིན་ཟེར།
སོ་ལོ་ས་ནོ་དང་གྲོས་མོལ་བྱེད་སྐབས། ཀྲང་ཏི་ཅང་གིས་གསུངས་རྒྱུར། གྲོས་ཁང་བར་གྱི་འགྲོ་འོང་ནི་རྒྱལ་ཁབ་བར་གྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཕེ་རུ་ཡི་རྒྱལ་ཚོགས་དང་མཉམ་དུ་ཀྲུང་གོ་དང་ཕེ་རུ་གཉིས་མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བར་བྱེད་པར་དམིགས་ནས། མཉམ་དུ་འཕེལ་རྒྱས་སུ་གཏོང་རྒྱུ་དམིགས་འབེན་ཞིག་ཏུ་བརྩིས་ཏེ། རྒྱལ་སྐྱོང་སྲིད་འཛིན་དང་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པ་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཕེ་རུ་གཉིས་ཀྱི་མཛའ་མཐུན་འབྲེལ་བའི་སྤྱི་ཚོགས་དང་དམངས་འདུན་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་འདོད་ཡོད་ཟེར།
འཚམས་འདྲི་བྱེད་སྐབས། ཀྲང་ཏི་ཅང་དང་སོ་ལོ་ས་ནོ་གཉིས་མཉམ་དུ་ཀྲུང་གོ་དང་ཕེ་རུ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ཁང་གི་ཡོལ་བ་ཕྱེ་བའི་མཛད་སྒོར་ཞུགས་པ་དང། ལིས་ཁ་ཏའོ་ཕ་ཨར་མ་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་ལ་གཟིགས་སྐོར་མཛད། །
རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།