ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མི་ཤུགས་ཐོན་ཁུངས་པུའུ་དང་། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་སོགས་སྡེ་ཁག་བརྒྱད་ཀྱིས་ཉིན་ཤས་གོང་མཉམ་འབྲེལ་ཐོག་ཞིང་པ་ལས་མིའི་གླ་ཕོགས་སྤྲོད་པའི་གནས་ཚུལ་གྱི་ཆེད་དོན་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་གཤམ་སྤེལ་བྱས་པ་དང་། 2014ལོའི་ཟླ་བ་བཅུ་གཅིག་པའི་ཚེས24ཉིན་ནས2015ལོའི་ཟླ་བ་གཉིས་པའི་ཚེས10ཉིན་བར་རྒྱལ་ཡོངས་སུ་ཞིང་པ་ལས་མིའི་གླ་ཕོགས་སྤྲོད་པའི་གནས་ཚུལ་གྱི་ཆེད་དོན་ཞིབ་བཤེར་བྱ་རྒྱུ་ཡིན་པ་རེད། གླ་ཕོགས་ཆད་འགྱངས་བྱས་པ་དང་གནས་ཚུལ་ཚབས་ཆེ་བའི་ལས་མི་བཀོལ་སྤྱོད་ཚན་པར་ཁྲིམས་ལྟར་ལས་མཚམས་བཞག་ནས་ལེགས་སྒྲིག་དང་། འཛུགས་སྐྲུན་ཨར་ལས་ཁེ་ལས་ཀྱི་ཐོབ་ཐང་དམའ་རུ་གཏོང་བའམ་མེད་པ་བཟོ་བ། ཐ་ན་ལས་གཉེར་ལག་ཁྱེར་མེད་པ་བཟོ་རྒྱུའི་བཀའ་རྒྱ་གཏོང་བའི་གཏན་འབེབས་བྱས་པ་རེད། བརྡ་ཐོའི་ནང་། ད་ཐེངས་ཀྱི་ཆེད་དོན་ཞིབ་བཤེར་ནང་གཙོ་བོ་ལས་མི་བཀོལ་སྤྱོད་བྱེད་མཁན་ཚན་པས་གླ་ཕོགས་སྤྲོད་པའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཞིང་པ་ལས་མིའི་གླ་ཕོགས་སྤྲོད་པ་དང་། མ་མཐའི་གླ་ཕོགས་ཀྱི་གཏན་འབེབས་བརྩི་སྲུང་ཞུས་མིན། ཁྲིམས་ལྟར་ལས་སྣོན་གླ་ཕོགས་སྤྲོད་པའི་གནས་ཚུལ་དང་། ཁེ་ལས་ཁེ་གཉེར་བས་ཞིང་པ་ལས་མིའི་གླ་ཕོགས་ཆད་འགྱངས་བྱས་ནས་བྲོས་བྱོལ་དུ་ཕྱིན་པའི་གནས་ཚུལ། ལས་མི་བཀོལ་སྤྱོད་ཚན་པས་ཞིང་པ་ལས་མི་དང་ངལ་རྩོལ་གན་རྒྱ་བཞག་པའི་གནས་ཚུལ་སོགས་ལ་ཞིབ་བཤེར་བྱ་རྒྱུ་གསལ་པོ་བསྟན་ཡོད་པ་རེད། །
རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།