ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྤྱི་ཚེས་23ཉིན་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། སི་ཁྲོན་ཞིང་ཆེན་དར་མདོ་རྫོང་དུ་ས་ཡོམ་རིམ་པ་དྲུག་ཚགས་གསུམ་བརྒྱབ་པའི་ས་ཡོམ་གནོད་འཚེ་དང་གནོད་སེལ་གནས་ཚུལ་ལ་གཞིགས་ན། སྤྱི་ཚེས་23ཉིན་གྱི་ཆུ་ཚོད་བཅུ་པའི་ཐོག རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ཡོན་ལྷན་ཁང་དང་དམངས་སྲིད་པུས་ཛ་དྲག་སྒོ་ནས་རྒྱལ་ཁབ་ཀྱི་སྤྱིར་བཏང་རིམ་པའི་གནོད་སེལ་ཕྲལ་བསྟུན་ལན་ཆའི་བྱ་སྤྱོད་སྤེལ་ནས་ལས་དོན་ཚོགས་ཆུང་གནོད་འཚེའི་ཁུལ་དུ་མངགས་གཏོང་བྱས་ཏེ། གནོད་འཚེའི་གནས་ཚུལ་ལ་ལྟ་ཞིབ་དང་དར་མདོ་རྫོང་གི་ས་ཡོམ་གནོད་འཚེ་ཕོག་ཁུལ་དུ་གནོད་འཚེ་ཕོག་ཁུལ་མང་ཚོགས་བཀོད་སྒྲིག་བྱེད་པའི་ལས་དོན་ཡག་པོ་སྒྲུབ་རྒྱུར་མཐུན་སྦྱོར་མཛུབ་ཁྲིད་བྱས་ཡོད་པ་རེད།
སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གི་གསར་འགྱུར་གཞུང་ལས་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ཚེས་23ཉིན་གྱི་ཆུ་ཚོད་18བར་སླེབས་དུས། དར་མདོའི་སྤྱི་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་གཉིས་ཉིན་གྱི་ས་ཡོམ་ཚབས་ཆེན་ནང་། ཁུལ་དེའི་རྫོང་6་དང་ཤང་དང་གྲོང་རྡལ་55ར་གནོད་འཚེ་ཕོག་པ་དང་མི་5རྐྱེན་ལམ་དུ་ཤོར་བ། མི་54ར་ལ་རྨས་སྐྱོན་ཕོག་པ། མི་བདུན་ཁྲི་དགུ་སྟོང་ལྔ་བརྒྱ་ལྷག་ཙམ་ལ་གནོད་འཚེ་ཕོག་པ། གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་6300ལྷག་གནས་སྤོ་བཀོད་སྒྲིག་བཅས་བྱས་ཡོད། སི་ཁྲོན་ཞིང་ཆེན་གྱིས་དར་མདོའི་ས་ཡོམ་རིམ་པ་དྲུག་དང་ཚགས་གསུམ་གྱི་ཡོམ་འགོག་གེགས་སེལ་ལས་དོན་ཡག་པོ་སྒྲུབ་རྒྱུར་རོགས་རམ་བྱ་ཆེད། སྤྱི་ཚེས་23ཉིན། ནོར་སྲིད་པུའུ་དང་དམངས་སྲིད་པུས་སི་ཁྲོན་ཞིང་ཆེན་ལ་ཛ་དྲག་སྒོ་ནས་ཀྲུང་དབྱང་གྱི་གནོས་སེལ་མ་དངུལ་སྒོར་བྱེ་བ་ལྔ་གཤམ་སྤྲོད་བྱས་ཏེ། དར་མདོའི་ས་ཡོམ་ཁུལ་གྱི་གནོད་འཚེ་ཕོག་ཁུལ་མང་ཚོགས་ཛ་དྲག་སྒོ་ནས་གནས་སྤོ་བཀོད་སྒྲིག་བྱེད་པ་དང་བར་བརྒལ་དུས་རིམ་གྱི་འཚོ་བའི་རོགས་སྐྱོར། ཁང་པ་རྡིབ་པ་སླར་གསོ་སྐྱར་སྐྲུན། གནོད་འཚེའི་ནང་རྐྱེན་ལམ་དུ་ཤོར་མཁན་ཁྱིམ་མིར་འཆི་གོད་གྱོང་གསབ་རོགས་དངུལ་སྤྲོད་རྒྱུ་སོགས་ཀྱི་ཐད་སྤྱོད་རྒྱུ་ཡིན་པ་རེད། མིག་སྔར། དཀར་མཛེས་ཁུལ་གྱིས་རོགས་སྐྱོར་མི་སྣ་5600ལྷག་བཏང་ཏེ། གནོད་འཚེ་ཕོག་ཁུལ་དུ་གུར་793དང་སྲིང་བལ་གྱི་ཉལ་ཆས་6000 དེ་བཞིན་གཏེར་ཆུ་དང་སྟབས་བདེའི་ཟ་རིགས་སོགས་ཀྱི་འཚོ་བའི་དངོས་རྫས་གཤམ་སྤྲོད་བྱས་ཡོད། ཁུལ་དང་རྫོང་གིས་ཛ་དྲག་མ་དངུལ་སྒོར་ས་ཡ་བདུན་བཀོད་སྒྲིག་བྱས་པ་དང་ཞལ་འདེགས་དངུལ་ས་ཡ་གཅིག་བྱུང་ཡོད་པ་རེད། །
རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།