ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་དུས་སྐབས་ལྔ་པའི་ཀྲུང་གོའི་དཔལ་འབྱོར་བདེ་འཇགས་གླེང་སྟེགས་ཞེས་པ་པེ་ཅིན་དུ་གཉེར་ཡོད། གྲོས་ཚོགས་ཐོག ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་འགོ་འཛིན་གཞོན་པ་ཁྲེན་ཤི་ཝུན་གྱིས། དུས་བབ་གསར་པའི་འོག རང་རྒྱལ་འབྲུ་རིགས་བདེ་འཇགས་ཀྱི་ད་ལྟའི་གནས་བབ་དང་འགྲན་རྩོད། ཁ་གཏད་གཅོག་ཐབས་བཅས་ཀྱི་ཐད་རྒྱས་བཤད་གཏིང་ཟབ་གནང་བ་དང་། ཁོང་གིས། ཉེ་ལམ་ལོ་ཤས་རིང་། རང་རྒྱལ་གྱི་འབྲུ་རིགས་ལ་ལོ་ལེགས་བསྟུད་མར་བྱུང་ཞིང་འབྲུ་རིགས་བདེ་འཇགས་སྤྱིའི་ཆ་ནས་འགན་སྲུང་ཐུབ་ཡོད། ཡིན་ནའང་གནད་དོན་གསར་པ་དང་འགྲན་རྩོད་གསར་པ་མང་པོ་ཐོན་པ་ཡང་མཐོང་ཐུབ་དགོས། མིག་སྔར་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པར་སྔར་བཞིན་འགྲན་རྩོད་བཞིའི་ཐད་ཞིབ་འཇུག་དང་ཁ་གཏད་གཅོག་དགོས་པའི་ངོས་འཛིན་གནང་ཡོད་པ་སྟེ། གཅིག་ནས་རྒྱལ་ཁབ་ཕྱི་ནང་གི་འབྲུ་རིགས་ཀྱི་རིན་གོང་དེ་བྲིན་འཚོང་རིན་གོང་ལས་ཉོ་སྒྲུབ་རིན་གོང་དམའ་བ་དང་རྒྱལ་ནང་གི་འབྲུ་རིགས་རིན་གོང་རྒྱལ་སྤྱིའི་ཁྲོམ་ར་ལས་མཐོ་བ་ཡོད་ཅིང་། རིན་གོང་ཐོག་རྩན་འགྲན་ནུས་པ་མེད་པས། ཞིང་ལས་ཐོན་སྐྱེད་ཀྱི་བདེ་འཇགས་དང་ཞིང་པའི་ཡོང་བབ་འཕར་སྣོན་ཡོང་བའི་ཐད་ཉེན་ཁ་ཆེན་པོ་བཟོས་པ་དང་། གཉིས་ནས་གླ་ཕོག་ཀྱི་ཆུ་ཚད་མཐོ་རུ་ཕྱིན་པ་སོགས་ཀྱི་རྒྱབ་ལྗོངས་འོག ཞིང་ལས་ཐོན་སྐྱེད་ཀྱི་མ་གནས་མགྱོགས་མྱུར་མཐོ་རུ་ཕྱིན་པ། གསུམ་ནས་དུས་ཡུན་རིང་པོའི་ནང་ཐོན་འབོར་བརྩོན་ལེན་བྱེད་ཆེད། ཞིང་ལས་ཐོན་སྐྱེད་ཁོར་ཡུག་ལ་གཏོར་བཤིག་ཆེན་པོ་བཟོས་པ། བཞི་ནས་མིག་སྔའི་ཞིང་པའི་ཁྱིམ་ཚང་གི་ཡོང་བབ་ཉིན་བཞིན་སྣེ་མང་ཅན་དུ་གྱུར་བ་དང་ཡོང་བབ་ཀྱི་གྲུབ་ཆ་གྱུར་བ་ཡིས་ཞིང་པ་སྔར་བས་མང་བས་སེམས་ནུས་གླ་ཕོག་རང་བཞིན་གྱི་ཡོང་བབ་ཐོག་གྱུར་རྒྱུར་ཡིད་འགུག་བྱས་པས། ཞིང་ལས་ཀྱི་ཡིད་འགུག་ནུས་པ་ཆག་པ་བཅས་རེད། དེར་བརྟེན། ཁྲེན་ཤི་ཝུན་གྱིས་ངེས་པར་དུ་ཞིང་པས་འབྲུ་རིགས་འདེབས་འཛུགས་བྱེད་པའི་ཧུར་སེམས་སྐུལ་སྤེལ་གཏོང་དགོས། དེ་ཡང་གཅིག་ནས་སྒྲིག་གཞི་བསྒྱུར་བཅོས་བྱེད་པ་བརྒྱུད། རིན་གོང་རྣམ་པའི་སྒྲིག་གཞི་བསྒྱུར་བཅོས་བྱས་ཏེ། རིན་གོང་རྣམ་པའི་ཁྲོད་ཁྲོམ་རས་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་པ་བྱེད་དགོས་པ་དང་། གཉིས་ནས་རྣམ་པ་མང་བའི་འོས་འཚམ་གྱི་གཞི་ཁྱོན་གཉེར་སྐྱོང་སོགས་ཀྱི་གོང་འཕེལ་གཏོང་རྒྱུ་ཚུད་པའི་ཞིང་ལས་ནང་ཁུལ་གྱི་ལམ་ལུགས་གསར་གཏོད་ལ་སྐུལ་སྤེལ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད། །
རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།