མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཧྥི་ཅིའི་ཙུང་ལི་དང་གྲོས་མོལ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-24 10:47

ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ནན་ཏིས་ནས་ཧྥི་ཅིའི་ཙུང་ལི་མུའུ་པད་ཉི་མ་ལ་མ་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་གཉིས་ཉིན་ནན་ཏིས་ནས་ཧྥི་ཅིའི་ཙུང་ལི་མུའུ་པད་ཉི་མ་ལ་མ་དང་གྲོས་མོལ་མཛད། ཞི་ཅིན་ཕེན་གྱིས་ཀྲུང་གོ་ཕྱོགས་ཀྱིས་ཧྥི་ཅི་ཕྱོགས་དང་མཉམ་དུ་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་ཧྥི་ཅི་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཅེས་ནན་གྱིས་གསུངས།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ཅི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ས་ཁུལ་གྱི་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཏུ་བརྩིས་ནས། ཧྥི་ཅི་མི་དམངས་རང་ཉིད་ཀྱིས་བདམས་པའི་འཕེལ་རྒྱས་བགྲོད་ལམ་ལ་བརྩི་འཇོག་བྱས་པ་དང་། ཧྥི་ཅི་ཡིས་ཀྲུང་གོ་ཕྱོགས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་སྲིད་ཇུས་གཙོ་བོ་ཞིག་ཏུ་འཛིན་པར་གཟེངས་བསྟོད་བྱས། ང་ཚོས་ཧྥི་ཅི་ཕྱོགས་དང་མཐོ་རིམ་དང་རིམ་པ་སོ་སོའི་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱས་ནས། མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར།

ཞི་ཅིན་ཕེན་གྱིས་ཀྲུང་གོ་ཕྱོགས་ཀྱིས་ཧྥི་ཅི་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུན་མོང་གི་ཐུག་འཕྲད་བཟང་བོར་སྤེལ་ཏེ། ཀྲུང་གོ་དང་གླིང་ཕྲན་རྒྱལ་ཁབ་ཀྱི་སྤྱིའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཅེས་ནན་གྱིས་གསུངས།

མུའུ་པད་ཉི་མ་ལ་མ་ཡིས་བཤད་རྒྱུར། ཧྥི་ཅི་མི་དམངས་ཀྱིས་ཀྲུང་གོར་མཛའ་མཐུན་བརྩེ་དུང་ཟབ་མོ་བཅངས་ཡོད། ཀྲུང་གོས་ཧྥི་ཅིར་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུས། ཧྥི་ཅི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཆབ་སྲིད་ཐད་ཀྱི་འགྲོ་འོང་རྒྱུན་འཁྱོངས་བྱས་ནས། དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་པ་དང་། མི་གཞུང་བརྗེ་རེས་རྒྱ་བསྐྱེད་དེ། རྒྱལ་ཁབ་རང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་རེ་བ་བྱེད་ཀྱིན་ཡོད་ལ། ཧྥི་ཅི་ཕྱོགས་ཀྱིས་ཀྲུང་གོ་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ལས་དོན་ཁྲོད་ཞུགས་པར་དགའ་བསུ་ཞུ་བ་ཡིན་ཟེར།

གྲོས་མོལ་མཇུག་རྫོགས་རྗེས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་དཔལ་འབྱོར་ལག་རྩལ་མཉམ་ལས་གྲོས་མཐུན་འགོད་པའི་མཛད་སྒོར་ཞུགས།  །  

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག