
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུང་ཧྲན་གྱིས་ཉེ་ལམ་པེ་ཅིན་ནས་མགོ་འཛིན་མཛད་དེ་རྟོག་ཞིབ་བཞུགས་མོལ་ཚོགས་འདུ་གསུམ་བསྡུས། བཞུགས་མོལ་ཚོགས་ཐོག་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པར་དམ་པོར་དམིགས་ནས། རིག་རྩལ་དར་རྒྱས་གོང་འཕེལ་བྱ་བ་ཡར་སྐུལ་བྱས་པ་དང་། ཀྲུང་གོའི་གཏམ་རྒྱུད་བརྗོད་པ། བསམ་བློའི་རིགས་གཞུང་བྱ་བ་བཟང་བོར་སྒྲུབ་པ་དང་། འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱི་འགན་ཁུར་བློ་མཐུན་དང་རིག་རྩལ། ཕྱི་ཕྱོགས་དྲིལ་སྒྲོག གསར་འགྱུར། རིགས་གཞུང་ལས་རིགས་བཅས་ཀྱི་ཆེད་མཁས་པས་བཏོན་པའི་བསམ་འཆར་གྲོས་གཞིར་ཉན་པ་དང་། ལག་བསྟར་དངོས་འབེབས་བྱེད་པར་བཏོན་པའི་བྱེད་ཐབས་དངོས་ལ་ཞིབ་འཇུག་བྱས།
བཞུགས་མོལ་ཚོགས་འདུའི་སྟེང་ཞུགས་པའི་བློ་མཐུན་རྣམས་ཀྱིས་ལང་ལོང་སྒོས་གཏམ་བཤད་དེ་མྱོང་ཚོར་གླེང་བ་དང་། བློ་འདོན་ཇུས་འབུལ་བྱས། ལིག་ཡུང་ཧྲན་གྱིས་ནན་ཏན་སྒོས་ཚང་མས་གཏམ་བཤད་ལ་ཉན་པ་མ་ཟད། གནད་དོན་གལ་ཆེན་ཁ་ཤས་ཐད་ནས་ཚོགས་འདུར་ཞུགས་པའི་བློ་མཐུན་རྣམས་དང་མཉམ་དུ་བརྗེ་རེས་མཛད། ཁོང་གིས་གསུངས་རྒྱུར། དྲིལ་སྒྲོག་བསམ་བློའི་བྱ་བ་ནི་མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། བློ་གྲོས་གཅིག་བསྡུ་བྱས་ཚེ་ད་གཟོད་གནད་དོན་ཐག་གཅོད་པའི་བྱེད་ཐབས་འཚོལ་ཐུབ་ཟེར། མང་ཚོགས་ཀྱིས་བློ་འདོན་པ་དང་ཤུགས་འདོན་པ། ཐབས་ཇུས་མང་ཚོགས་ལ་དྲིས་ནས་རྟོག་ཞིབ་ཞིབ་འཇུག་བྱེད་པ་དེ་གཞི་རྩའི་བྱ་བར་བརྩི་བ་དང་། ཕྱོགས་སོ་སོའི་བསམ་འཆར་ལ་ཉན་པ་དེ་ལེགས་སྒྱུར་ཇེ་མཐོར་གཏོང་བའི་ཐབས་ལམ་གཙོ་བོར་བརྩིས་ནས། བྱ་བ་སྔར་ལས་དམིགས་ཡུལ་རང་བཞིན་དང་ཕན་འབྲས་རང་བཞིན་ལྡན་པར་བྱེད་དགོས་ཟེར།
ལིག་ཡུང་ཧྲན་གྱིས་ནན་གྱིས་བསྟན་དོན། དྲིལ་སྒྲོག་བསམ་བློའི་འཐབ་ཕྱོགས་ཀྱིས་ཀྲུང་དབྱང་གི་དགོངས་དོན་ལ་སློབ་སྦྱོང་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གནང་བའི་གསུངས་བཤད་གལ་ཆེན་རབ་དང་རིམ་པར་སློབ་སྦྱོབ་བྱས་ནས། ཇི་མ་ཇི་བཞིན་གྱི་སྒོ་ནས་སློབ་སྦྱོང་དང་། མ་ཡིག་ལ་སློབ་སྦྱོང་། གཞུང་ལུགས་ལ་གོ་བ་ལེན་པ་བཅས་བྱས་ཏེ། ཧུར་ཐག་སྒོས་དགོངས་དོན་གྱི་ངོ་བོ་རྟོག་པར་བྱེད་པ་དང་། དཀྱིལ་སྙིང་ཁོང་དུ་ཆུད་པར་བྱེད་དགོས་ཟེར། སློབ་སྦྱོང་བྱས་པ་བརྒྱུད་ནས། སྔར་ལས་ནན་སྒོས་ཀྲུང་ཧྭའི་རིག་གནས་དར་རྒྱས་གོང་འཕེལ་དུ་གཏོང་བ་མངོན་འགྱུར་བྱེད་པ་དེ་རང་རྒྱལ་གྱི་རིག་རྩལ་ལས་དོན་ཐད་ལ་བཏོན་པའི་རེ་བ་གསར་བ་ཡིན་པས། ཀྲུང་གོའི་གཏམ་རྒྱུད་བཟང་བོར་བརྗོད་པ་དེས་རྒྱལ་སྤྱིའི་གླེང་ཕྱོགས་ཁོར་ཡུག་ཅུང་བཟང་བོ་ཞིག་སྐྲུན་པར་དོན་སྙིང་གལ་ཆེན་ལྡན་ལ། བསམ་བློའི་རིགས་གཞུང་བྱ་བ་བཟང་བོར་སྒྲུབ་པ་དེས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་དང་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། རང་རྟོག་སྒོས་ཏང་དང་མི་དམངས་ཀྱིས་གནང་བའི་མཆོག་གྱུར་འགན་ཁུར་འཁུར་དགོས་ཟེར།
ལིག་ཡུང་ཧྲན་གྱིས་བསྟན་དོན། འགན་ཁུར་དངོས་འབེབས་ནན་མོ་བྱས་ནས། རིམ་པ་སོ་སོའི་ཏང་ཨུའི་མགོ་ཁྲིད་པའི་འགན་ཁུར་གསལ་བོ་བྱེད་དགོས་པ་དང་། འགན་ནུས་སྡེ་ཁག་གི་ཐད་ཀར་གྱི་འགན་འཁྲི་གསལ་བོར་བྱེད་པ། འབྲེལ་ཡོད་སྡེ་ཁག་གིས་འཁུར་དགོས་པའི་འགན་འཁྲི་གསལ་བོར་བྱས་ཏེ། མཉམ་དུ་དམ་འཛིན་དང་དོ་དམ་བྱེད་པའི་དྲིལ་སྒྲོག་རྣམ་པ་ཞིག་ཆགས་པར་བྱེད་དགོས་ཟེར། །
རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།