མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ས་གནས་ཁག་གིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་དང་ཁྲིམས་སྐྱོང་སྙིང་སྟོབས་གསོ་སྐྱོང་ཤུགས་ཆེན་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-17 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། པེ་ཅིང་དང་། ཅི་ལིན། ཀོང་ཏུང་། ཧྲན་ཞི། ཧུའུ་པེ་སོགས་ས་ཆར་ཁག་སོ་སོར་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྙན་ཞུའི་ཚོགས་འདུ་སྐོང་འཚོགས་བྱས་ཡོད་པ་དང་། ས་གནས་དེ་གའི་ལས་བྱེད་མང་ཚོགས་ཀྱི་ཁྲོད་ལན་ཆ་ཆེན་པོ་བྱུང་ཡོད་པ་རེད།

སྤྱི་ཟླ་11པའི་ཚེས་13ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཇའོ་ཞའོ་ཡང་གིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཐད་ཅི་ལིན་ཞིང་ཨུད་དང་། ཞིང་ཆེན་སྲིད་གཞུང་གི་རིམ་ཁག་ལས་བྱེད་པར་ཆེད་དོན་སྙན་ཞུ་གནང་ཡོད་པ་རེད། ཇའོ་ཞའོ་ཡང་གིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་འབེན་དང་གཞི་རྩའི་བླང་བྱར་གོ་བ་ཡང་དག་པ་ལེན་རྒྱུ་ནས་འགོ་ཚུགས་ཏེ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ལས་འགན་གཙོ་བོ་དང་བྱེད་ཐབས་དམ་འཛིན་གཏིང་ཟབ་བྱ་རྒྱུ་དང་། ཏང་གིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་འགོ་ཁྲིད་བྱེད་པའི་ཕྱོགས་གསུམ་གྱི་ཐད་ཤུགས་སྣོན་དང་ལེགས་བཅོས་གཏོང་རྒྱུ་སོགས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་རྒྱས་བཤད་གཏིང་ཟབ་གནང་ཡོད་པ་རེད།

སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཡིག་ཆ་འཆར་ཟིན་ཚོགས་པའི་ཁོངས་མི། རྒྱལ་སྲིད་སྤྱི་ཁྱབ་ཁང་གོང་འཕེལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཀྲང་ལའེ་མིང་གིས་ཀོང་ཏུང་ཞིང་ཨུད་ཀྱི་རིག་གཞུང་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་དུ་སྐོང་འཚོགས་བྱས་པའི་ཀོང་ཏུང་སློབ་སྦྱོང་གླེང་སྟེགས་ཐེངས་101གི་སྙན་ཞུའི་ཚོགས་འདུའི་ཐོག་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་གལ་ཆེའི་དོན་སྙིང་དང་། མཛུབ་ཁྲིད་བསམ་བློ། སྤྱིའི་དམིགས་འབེན། ལས་འགན་གཙོ་བོ་དང་བྱེད་ཐབས་བཅས་གསལ་འགྲེལ་གནང་ཡོད་པ་རེད།

ཅང་ཞི་ཞིང་ཨུད་ལྟེ་བའི་ཚོགས་ཆུང་གི་ཆེད་དོན་སློབ་སྦྱོང་ཚོགས་འདུའི་ཐོག ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་དབང་ཡུང་ཆིང་གིས་འགོ་བརྗོད་དུ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་ཐོག་བསྐྱོད་དགོས་ཞེས་པའི་ཟུར་ཁྲིད་སྙན་ཞུ་གནང་ཡོད་པ་རེད། ཧྲན་ཞི་ཞིང་ཨུད་ལྟེ་བའི་ཚོགས་ཆུང་གིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་སྐོང་འཚོགས་བྱས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་ཡོན་ཧྲུའུ་ཧུང་གདན་ཞུ་གནང་ཡོད་པ་དང་། ཁོང་གིས་འགོ་བརྗོད་དུ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས། ཁྲིམས་སྐྱོང་གི་ཀྲུང་གོ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་བྱེད་དགོས་ཞེས་པའི་ཟུར་ཁྲིད་སྙན་ཞུ་གནང་ཡོད་པ་རེད།

པེ་ཅིང་གྲོང་ཨུད་གྲོང་ཁྱེར་སྲིད་གཞུང་གི་རིག་གཞུང་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གི་སློབ་སྦྱོང་གྲོས་ཚོགས་ཐོག རྒྱལ་ཡོངས་སྲིད་གྲོས་ཀྱི་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧྲི་ཀྲི་ཧུང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་གཏན་འབེབས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་། ནང་གི་གཏན་ཚིགས། ཁྱད་ཆོས་གཙོ་བོ་བཅས་ཕྱོགས་གསུམ་གྱི་ཐད་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་འགྲེལ་གསལ་ཆ་ཚང་ཞིང་གཏིང་ཟབ་པ་ཞིག་གནང་ཡོད་པ་རེད། པེ་ཅིང་གྲོང་ཁྱེར་སྲིད་གཞུང་གཞུང་ལས་ཐིང་ལས་ཁུངས་ཏང་ཨུད་ཀྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཀུའུ་ཧྲུའུ་ཧྲེང་གིས། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་དེ་བས་ཀྱང་སྣེ་ཁྲིད་ནས་ཁྲིམས་ལུགས་སློབ་སྦྱོང་བྱེད་དགོས་པ་དང་། སྣེ་ཁྲིད་ནས་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་དགོས་པ། སྣེ་ཁྲིད་ནས་ཁྲིམས་ལྟར་བྱ་བ་སྒྲུབ་དགོས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལས་དོན་དང་འཚོ་བའི་ཁྲོད་ཟུང་འབྲེལ་ཐུབ་པ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག