མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐེངས་དགུ་བའི་དུས་རིམ་གཉིས་པའི་གྲོས་ཚོགས་ཨོ་སི་ཁྲི་ལི་ཡའི་པུའུ་ལིས་སི་པན་ནས་ཚོགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-17 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐེངས་དགུ་བའི་དུས་རིམ་གཉིས་པའི་གྲོས་ཚོགས་ཚེས་བཅུ་དྲུག་ཉིན་ཨོ་སི་ཁྲི་ལི་ཡའི་པུའུ་ལིས་སི་པན་ནས་ཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚོགས་འདུར་ཞུགས་ནས་གསུངས་བཤད་གནང་།

འཛམ་གླིང་གི་དཔལ་འབྱོར་ཉེན་འགོག་ནུས་པ་ཇེ་ཆེར་གཏོང་བའི་སྐོར་ལ་གྲོས་སྡུར་བྱེད་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། གཅིག རྒྱལ་སྤྱིའི་དངུལ་ལོར་མ་ལག་ལ་མུ་མཐུད་དུ་བཅོས་སྒྱུར་བྱས་ནས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་གྲངས་ཀའི་བཅོས་སྒྱུར་འཕེལ་རིམ་ལ་མྱུར་དུ་སྐུལ་འདེད་གཏོང་དགོས། གཉིས། འཛམ་གླིང་གི་ཁྲལ་བསྡུའི་མཉམ་ལས་ལ་ཤུགས་སྣོན་པ་དང་རྒྱལ་སྤྱིའི་ཁྲལ་བྱོལ་མཁན་ལ་རྡུང་རྡེག་བྱས་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་ཡོང་སྒོ་དམའ་བའི་རྒྱལ་ཁབ་ཀྱི་ཁྲལ་བསྡུའི་དོ་དམ་ནུས་པ་ཇེ་ཆེར་གཏོང་བར་རོགས་རམ་བྱེད་དགོས། གསུམ། རུལ་སུངས་ལ་ངོ་རྒོལ་དང་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས། བཞི། འཕེལ་རྒྱས་གནད་དོན་ལ་ཡིད་འཇོག་ཆེན་པོ་བྱས་ཏེ་འཕར་སྣོན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱིས་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ལྟ་བ་འཛུགས་པར་མ་ཟད་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་ཟེར།

ནུས་ཁུངས་གྲོས་གཞི་ལ་གྲོས་སྡུར་བྱེད་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་ངེས་པར་དུ་འཛམ་གླིང་གི་དཔལ་འབྱོར་བཅོས་སྐྱོང་འཐུས་ཚང་དུ་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་ནུས་ཁུངས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་འཛུགས་པ་དང་། རང་མོས་སྒོ་འབྱེད་དང་འགྲན་རྩོད་ལ་གོ་རིམ་ལྡན་པ་དང་། ལྟ་རྟོག་དོ་དམ་ཐད་ནས་ཕན་འབྲས་ཐོབ་པ་བཅས་ཀྱི་འཛམ་གླིང་ནུས་ཁུངས་ཀྱི་ཚོང་ར་ཆེན་པོ་གསོ་སྐྱོང་བྱེད་དགོས་ལ། ནུས་ཁུངས་ཀྱི་རིན་གོང་དང་ཚོང་ར་བརྟན་འཇགས་ཡོང་བར་མཉམ་དུ་སྲུང་སྐྱོབ་བྱས་ནས་ཕན་འབྲས་ཇེ་མཐོར་གཏོང་དགོས་པ་དང་། འཛམ་གླིང་གི་ནུས་ཁུངས་བཅོས་སྐྱོང་རྩ་དོན་གཏན་འཁེལ་དང་འཐུས་ཚང་དུ་བཏང་ནས། འཛད་སྤྱོད་རྒྱལ་ཁབ་དང་ཐོན་སྐྱེད་རྒྱལ་ཁབ། རྒྱལ་ཁོངས་བརྒལ་བའི་རྒྱལ་ཁབ་ཀྱིས་འདྲ་མཉམ་གྲོས་མོལ་བྱེད་པ་དང་། མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་བཅས་ཀྱི་མཉམ་ལས་ཐད་ལ་རྣམ་པ་གསར་བ་ཆགས་པར་བྱེད་དགོས་ཟེར།

ཚོགས་འདུར་ཞུགས་པའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་རྣམས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་གྲངས་ཀའི་བཅོས་སྒྱུར་མྱུར་དུ་དངོས་འབེབས་བྱས་ཏེ་མུ་མཐུད་དུ་དངུལ་ལོར་ལྟ་རྟོག་དོ་དམ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་རྒྱལ་སྤྱིའི་ཁྲལ་བསྡུའི་མ་ལག་འདྲ་མཉམ་ཡོང་བར་འགན་སྲུང་བྱེད་པར་འཐད་པ་བྱུང་།

ཚོགས་ཐོག་ནས་ད་དུང་ཨེ་པོ་ལཱ་རིམས་ནད་འགོག་བཅོས་སྐོར་ལ་གྲོས་བསྡུར་བྱས་པར་མ་ཟད། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་རིམས་ནད་འགོག་བཅོས་དང་གནོད་སེལ་རྒུད་སྐྱོབ་ཕྱོགས་སུ་ནུས་པ་ཆེན་པོ་འདོན་དགོས་པ་ནན་གྱིས་བསྟན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག