མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུའི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅུ་བདུན་པར་ཞུགས་པར་མ་ཟད་གསུངས་བཤད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-15 11:20

李克强出席第17次中国-东盟(10+1)领导人会议.jpg

  ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་འབར་མའི་ནེ་པུས་ཏུའུ་ནས་ཚོགས་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུའི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅུ་བདུན་པར་ཞུགས་ནས་གསུངས་བཤད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར་འབར་མའི་ནེ་པུས་ཏུའུ་ནས་ཚོགས་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུའི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅུ་བདུན་པར་ཞུགས་པ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུའི་མགོ་ཁྲིད་པའི་གྲོས་ཚོགས་ལ་ཞུགས། ལིས་ཁི་ཆང་དང་འབར་མའི་ཙུང་ཐུང་ཝུའུ་ཏིན་ཧྲིན་གཉིས་ཀྱིས་མཉམ་དུ་གྲོས་ཚོགས་ལ་མགོ་འཛིན་མཛད།

  ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་མཛའ་མཐུན་མཉམ་ལས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་སོང་བ་དང་དེ་ཨེ་ཤ་ཡ་ཤར་ལྷོའི་མངའ་ཁོངས་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ཀྲུང་གོ་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དེ་མཐའ་འཁོར་ཕྱི་འབྲེལ་སྲིད་ཇུས་ཐོག་མར་ལག་བསྟར་བྱེད་པའི་ཁ་ཕྱོགས་སུ་བཟུང་སྟེ་བློ་ཐག་རྦད་ཆོད་སྒོས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཨེ་ཤ་ཡ་ཤར་ལྷོའ་མནའ་འབྲེལ་གྱིས་ཨེ་ཤ་ཡ་ཤར་ལྷོའི་མཉམ་ལས་ཁྲོད་དུ་གཙོ་ཁྲིད་ཀྱི་གོ་གནས་ཟིན་པར་རྒྱབ་སྐྱོར་བྱེད་པར་མ་ཟད། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དེ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་དགོས་ཟེར། ལིས་ཁི་ཆང་གིས་དེའི་ཐད་ལ་གྲོས་གཞི་དྲུག་བཏོན། གཅིག ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཇུས་གཞི་ཆེན་པོ་འཆར་འགོད་བྱེད་དགོས། གཉིས། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་པར་གཞི་མཉམ་དུ་གསར་སྐྲུན་བྱེད་དགོས། གསུམ། ཕན་ཚུན་འབྲེལ་འདྲིས་བྱེད་པའི་རྨང་གཞིའི་དྲ་བ་མྱུར་དུ་འཛུགས་སྐྲུན་བྱེད་དགོས། བཞི། མཚོ་ཐོག་གི་མཉམ་ལས་བྱེད་ས་གཙོ་བོ་གསར་སྐྲུན་བྱེད་དགོས། ལྔ། ཧུར་ཐག་སྒོས་སྲོལ་རྒྱུན་ཁྱབ་ཁོངས་དང་སྲོལ་རྒྱུན་མིན་པའི་ཁྱབ་ཁོངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས། དྲུག ཧུར་ཐག་སྒོས་མི་གཞུང་དང་ཚན་རྩལ། ཁོར་ཡུག་སྲུང་སྐྱོབ་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་པ་བཅས་རེད།

  ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཙུང་ལི་ལིས་ཁི་ཆང་གིས་བཏོན་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་མཉམ་ལས་ལ་ཤུགས་སྣོན་པའི་གྲོས་གཞི་ལ་གཟེངས་བསྟོད་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག