མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་མོ་ཞི་ཁོའི་ཙུང་ཐུང་ཕེ་ཉི་ཡ་དང་གྲོས་མོལ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-14 11:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་གསུམ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མོ་ཞི་ཁོའི་ཙུང་ཐུང་ཕེ་ཉི་ཡ་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་མོ་ཞི་ཁོ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཁ་ཕྱོགས་དང་ཇུས་གཞི་གཏན་ལ་ཕབ་པར་མ་ཟད། མཉམ་ལས་ཀྱི་རྣམ་པ་གསར་བ་བསྐྲུན་ཏེ། ཀྲུང་གོ་དང་མོ་ཞི་ཁོ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་ཐག་བཅད།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཙུང་ཐུང་ཕེ་ཉི་ཡས་ཆེད་དུ་དུས་ཚོད་བཀོད་སྒྲིག་བྱས་ནས། ཀྲུང་གོར་ཡོང་སྟེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་སུ་ཞུགས་པར་མ་ཟད་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་པ་ལས། ཁྱེད་ཀྱིས་ཀྲུང་གོར་རྒྱབ་སྐྱོར་བྱེད་པ་དང་ཀྲུང་གོ་དང་མོ་ཞི་ཁོ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་བསམ་པ་རྣམ་དག་བཅངས་པ་མཚོན་ཡོད་པས། ངས་དེར་བཀའ་དྲིན་ཞུས་པ་དང་གཟེངས་བསྟོད་བྱས་པ་ཡིན་ཟེར།

ཕེ་ཉི་ཡ་ཡིས་བཤད་རྒྱུར། ཐེངས་འདིའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ལེགས་འགྲུབ་བྱུང་སྟེ་གྲུབ་འབྲས་ཕུན་སུམ་ཚོགས་པ་ཐོབ་པས། ངས་དེར་རྟེན་འབྲེལ་ཞུས་པ་ཡིན། མོ་ཞི་ཁོ་ཕྱོགས་ཀྱིས་ཐེངས་འདིའི་གྲོས་ཚོགས་ཚོགས་པ་དང་བསྟུན་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དར་རྒྱས་གོང་འཕེལ་དུ་གཏོང་འདོད་ཡོད་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་མོ་ཞི་ཁོ་གཉིས་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་གསར་དར་ཚོང་རའི་རྒྱལ་ཁབ་ཅིན་ཡིན་པས། ཚང་མ་བཅོས་བསྒྱུར་འཕེལ་རྒྱས་ཀྱི་དུས་རིམ་གནད་འགག་ཅིག་ཏུ་གནས་ཡོད་ལ། གཅིག་འདྲའི་ལས་འགན་དང་འགྲན་རྩོད་ལ་ཐུག་ཡོད་པར་མ་ཟད། རྒྱལ་ཁབ་གཉིས་ཀྱིས་ཕ་རོལ་རྒྱལ་ཁབ་འཕེལ་རྒྱས་ཀྱི་གོ་སྐབས་ཤིག་ཏུ་བརྩིས་ཡོད། ན་ནིང་ངས་མོ་ཞི་ཁོར་འཚམས་འདྲི་བྱེད་སྐབས། ངེད་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཚད་དུ་མཐོར་འདེགས་སུ་བཏང་སྟེ། ཀྲུང་གོ་དང་མོ་ཞི་ཁོ་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་གསར་བའི་མགོ་ཚུགས། ལོ་གཅིག་ལྷག་གི་རིང་ལ། ང་ཚོའི་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་རིམ་བཞིན་དུ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ཀྲུང་གོ་དང་མོ་ཞི་ཁོ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་མགོ་ཚུགས་ས་གསར་བ་ནས་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་གྲུབ་འབྲས་བཟང་བོ་བླངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོ་ཞི་ཁོའི་བར་གྱི་མཉམ་ལས་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་མོ་ཞི་ཁོ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཕེ་ཉི་ཡ་ཡིས་བཤད་རྒྱུར། དུས་ཡུན་ཐུང་བའི་ལོ་གཅིག་གི་རིང་ལ། ངས་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཐུག་འཕྲད་ཐེངས་བཞི་བྱས་ཏེ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། གྲུབ་འབྲས་མངོན་གསལ་བླངས་ཡོད། མོ་ཞི་ཁོ་དང་ཀྲུང་གོའི་བར་གྱི་མཉམ་ལས་ལ་སྦས་ཤུགས་ཆེན་པོ་དང་མཉམ་ལས་ཀྱི་དོན་སྙིང་གལ་ཆེན་ལྡན། མོ་ཞི་ཁོ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་སྔར་ལས་བཟང་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་རེ་བ་བྱེད་ཀྱིན་ཡོད་ལ། ངས་ཀྲུའུ་ཞི་ཞི་ཅིན་ཕེན་བར་གྱི་འབྲེལ་བ་བཟང་བོ་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྟོབས་ཤུགས་གསར་བ་སྣོན་འདོད་ཡོད། མོ་ཞི་ཁོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། ལ་ཏེན་མེ་གླིང་དང་ཀྲུང་གོའི་བར་གྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།  

རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ད་རུང་མི་འགྱང་བར་པུའུ་ལི་སི་པན་ནས་བསྡུ་རྒྱུ་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐད་ནས་དགོངས་འཆར་བརྗེ་རེས་མཛད་པར་མ་ཟད། འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། ཕྱོགས་སོ་སོ་དང་མཉམ་དུ་གྲོས་ཚོགས་ལ་གྲུབ་འབྲས་བཟང་བོ་ཐོབ་པར་ཡར་སྐུལ་བྱེད་རྒྱུའི་ཚུལ་བསྟན།  

གྲོས་མོལ་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་མཉམ་དུ་དངུལ་ལོར་དང་ནུས་ཁུངས། རྒྱུ་སྤུས་ཞིབ་བཤེར། དངུལ་གཏོང་། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་འགོད་པའི་མཛད་སྒོར་ཞུགས།

རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ད་རུང་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།   ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག