མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་ཨེ་ཤ་ཡ་ཤར་ལྷོའི་མཐོ་རིམ་གྲོས་ཚོགས་སྐབས་དགུ་བར་ཞུགས་པར་མ་ཟད་གསུངས་བཤད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-14 11:30

ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཨེ་ཤ་ཡ་ཤར་ལྷོའི་མཐོ་རིམ་གྲོས་ཚོགས་སྐབས་དགུ་བར་ཞུགས་ནས་གསུངས་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཨེ་ཤ་ཡ་ཤར་ལྷོའི་མཐོ་རིམ་གྲོས་ཚོགས་སྐབས་དགུ་བར་ཞུགས་ནས་གསུངས་བཤད་གནང་། ཁོང་གིས་གསུངས་རྒྱུར། ཨེ་ཤ་ཡ་ཤར་ལྷོ་དེ་འདས་པའི་ལོ་བཅུ་ལྷག་གི་རིང་ལ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་ཐུབ་པའི་རྩ་བའི་རྒྱུ་རྐྱེན་ནི་ཞི་བདེ་དང་བརྟན་འཇགས་ཀྱི་ས་གནས་ཁོར་ཡུག་ཅིག་ཡོད་པ་དེ་ཡིན་ལ། དེ་ནི་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་མཉམ་དུ་འབད་བརྩོན་བྱས་པའི་འབྲས་བུ་ཡིན། ཕྱོགས་སོ་སོས་ཆབ་སྲིད་བདེ་འཇགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་གཉིས་གསལ་བོར་ཤེས་པར་བྱས་ཏེ། ས་གནས་ཀྱི་ཞི་བདེ་དང་བརྟན་འཇགས་ལ་ཡར་སྐུལ་གཏོང་བ་དང་ཧུར་ཐག་སྒོས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་དགོས་ལ། དཔལ་འབྱོར་དང་སྤྱི་ཚོགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ཞི་བདེ་དང་དར་རྒྱས་ཆེ་བའི་ཨེ་ཤ་ཡ་ཤར་ལྷོ་ས་ཁུལ་འཛུགས་སྐྲུན་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཨེ་ཤ་ཡ་ཤར་ལྷོའི་འཕེལ་རྒྱས་མཉམ་ལས་ཀྱི་གནད་འགག་ནི་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་ནས་གཤམ་གྱི་ཁྱབ་ཁོངས་གཙོ་བོའི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཨེ་ཤ་ཡ་ཤར་ལྷོའི་ཉོ་ཚོང་དངུལ་གཏོང་སྟབས་བདེ་ཅན་ཏུ་བསྒྱུར་བར་སྐུལ་འདེད་གཏོང་དགོས་པ་དང་ཨེ་ཤ་ཡ་ཤར་ལྷོའི་ཕན་ཚུན་འབྲེལ་འདྲིས་བྱེད་པའི་བྱ་བ་མྱུར་དུ་བཟང་བོར་བསྒྲུབ་དགོས་ལ། ཨེ་ཤ་ཡ་ཤར་ལྷོའི་དངུལ་ལོར་མཉམ་ལས་རྒྱ་བསྐྱེད་པ་དང་ཨེ་ཤ་ཡ་ཤར་ལྷོའི་དབུལ་ཕོངས་ཇེ་ཉུང་དུ་གཏོང་བའི་མཉམ་ལས་ལ་ཤུགས་སྣོན་དགོས། ཨེ་ཤ་ཡ་ཤར་ལྷོའི་མཚོ་ཐོག་གི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་ཨེ་ཤ་ཡ་ཤར་ལྷོའི་མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དང་དེ་མིན་ཧན་གོ་དང་འཇར་པན། ཨ་མེ་རི་ཁ། ཨུ་རུ་སི། རྒྱ་གར། ཨོ་སི་ཁྲི་ལི་ཡ་སོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་གྲོས་ཚོགས་ལ་ཞུགས་པ་དང་འབར་མའི་ཙུང་ཐུང་ཝུའུ་ཏིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཚོགས་འདུར་ཞུགས་པའི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་བཤད་རྒྱུར། རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་སྤྱི་དང་ས་གནས་ཀྱི་གནས་བབ་ལ་དམིགས་ཏེ། ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་ཀྱིས་གྲོས་མོལ་ལ་སྔར་ལས་ཤུགས་བསྣན་ནས་ཐུན་མོང་གི་ལྟ་ཚུལ་མང་བོ་ཕྱོགས་གཅིག་ཏུ་བསྡུ་བ་དང་། སྲོལ་རྒྱུན་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་དགོས་ལ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་ས་གནས་ཀྱི་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་ནས། ས་གནས་དང་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་ཟེར།   ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག