མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཨོ་པ་མ་དང་མཇལ་མོལ་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-13 11:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་12ཉིན་མི་དམངས་ཚོགས་ཁང་ཆེན་མོར་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་ནས། ཨ་རིའི་ཙུང་ཐུང་ཨོ་པ་མས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་དགའ་བསུ་ཞུས་གནང་བ་རེད། རྒྱལ་ཁབ་སྐུ་མགྲོན་རླངས་འཁོར་རུ་ཁག་དེ་སྦག་སྦག་སྲུང་སྐྱེལ་རུ་ཁག་གི་འགེབས་སྲུང་འོག་ཁྲང་ཨན་ལམ་བརྒྱུད་མི་དམངས་ཚོགས་ཁང་ཆེན་མོར་འབྱོར་བ་དང་། དམག་དཔུང་རོལ་ཆ་རུ་ཁག་གིས་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་གཏོང་བྱས་པ་དང་། ཨོ་པ་མས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྐམ་མཚོ་མཁའ་གསུམ་གྱི་གཟབ་སྦྲེངས་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཨོ་པ་མ་དང་མཇལ་མོལ་གནང་བ་རེད། མཇལ་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས། ན་ནིང་སྤྱི་ཟླ་6པར། ང་རང་དང་ཙུང་ཐུང་ཨོ་པ་མས་ཨན་ནག་པོ་ཀེ་གཞིས་ཀར་མཇལ་མོལ་ཞུ་རྒྱུ་ལེགས་གྲུབ་བྱུང་བ་དང་། མགྲིན་གཅིག་ཏུ་ཐུན་མོང་ཐོག་ཀྲུང་ཨ་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་འཛུགས་རྒྱུར་མོས་མཐུན་བྱུང་། ལོ་གཅིག་ལྷག་སོང་རིང་། ཕྱོགས་གཉིས་པོས་ངེད་གཉིས་བར་གྲོས་མཐུན་བྱུང་བའི་ཐུན་མོང་ངོས་འཛིན་ལ་གཞིགས་ཏེ། ཁྱབ་ཁོངས་ཁག་གི་མཐུན་སྦྱོར་དང་མཉམ་ལས་ཐད་དགེ་མཚན་ལྡན་པའི་འཕེལ་རིམ་ཐོན་རྒྱུར་སྐུལ་སྤེལ་བཏང་ཡོད། ན་ནིང་ཕྱོགས་གཉིས་པོའི་ཉོ་ཚོང་རིན་ཐང་ཨ་སྒོར་དུང་ཕྱུར་5200ལས་བརྒལ་བ་དང་། ཕྱོགས་གཉིས་མ་འཇོག་བསགས་འབོར་ཨ་སྒོར་དུང་ཕྱུར་1000ལས་བརྒལ་བ། མི་སྣ་འགྲོ་འོང་བྱེད་ཚད་མིའི་ཐེངས་གྲངས་ས་ཡ་4ལས་བརྒལ་ཡོད། རྒྱལ་ཁབ་གཉིས་པོས་མཉམ་ཤུགས་སྒྲིལ་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་། ཨེ་པོ་ལའི་ནད་ཡམས་འགོག་བཅོས། འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བཅས་བྱས་ཡོད། དོན་དངོས་ལས་ར་སྤྲོད་ཐུབ་པར། ཀྲུང་ཨའི་བར་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་འཛུགས་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་དང་། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་། དར་རྒྱས་བཅས་སྲུང་སྐྱོང་བྱ་རྒྱུར་ཡང་ཕན་ཐོགས་ཡོད་ཅེས་བསྟན་གནང་བ་དང་། ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་ཨའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་35འཁོར་བའི་ལོ་ཡིན་པ་དང་། ལོ་ངོ་35གོང་འཕེལ་སོང་བ་བརྒྱུད། ཀྲུང་ཨའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་པ་དང་། མིག་སྔར་རྙོག་རྫིང་ཆེ་ལ་འགྱུར་བ་མང་བའི་རྒྱལ་སྤྱིའི་དུས་བབ་གྱི་མདུན་དུ། ཀྲུང་གོས་ཨ་རི་དང་མཉམ་དུ། གདོང་ཐུག་མེད་ལ་འགོག་རྒོལ་མེད་པ། ཕན་ཚུན་བརྩི་འཇོག མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྩ་དོན་དོན་འཁྱོལ་བྱས་ཐོག ཀྲུང་ཨའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་བཙུགས་པ་དེས་རྒྱལ་ཁབ་གཉིས་པོའི་མི་དམངས་དང་འཛམ་གླིང་མི་དམངས་ལ་ཕན་པ་སྔར་བས་ཆེ་བ་ཐོབ་པ་བྱ་འདོད་ཡོད། ངས་ཙུང་ཐུང་ཨོ་པ་མ་དང་ལྷན་དུ་དོན་དེའི་ཐད་འབད་བརྩོན་བྱ་འདོད་ཡོད་ཅེས་བསྟན་འདུག

ཞི་ཅིན་ཕིང་གི་གདན་ཞུས་ལྟར། ཨོ་པ་མས་སྤྱི་ཚེས་10ཉིན་ནས་12ཉིན་བར་ཀྲུང་གོར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ལ་ཞུགས་གནང་བ་མ་ཟད་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་དང་། སྤྱི་ཚེས་11ཉིན་གྱི་དགོང་མོ། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཀྲུང་ནན་ཧེ་རུ་མཇལ་འཛོམས་གནང་བ་དང་། ཞི་ཅིན་ཕིང་ནས་ཨོ་པ་མ་དང་ལྷན་དུ་དགོང་མོའི་གསོལ་ཚིགས་བཞེས་པ་མ་ཟད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ད་དུང་སྤྲོ་འཆམ་ལ་ཕེབས་པ་དང་གསོལ་ཇ་བཞེས་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག