མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་ཅོར་ཏན་རྒྱལ་ཁབ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-11 10:44

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅོར་ཏན་རྒྱལ་ཁབ་ཀྱི་གྲོས་ཞུགས་དཔོན་པོ་ལཱ་ཝ་པུས་ཏི་ཡིས་གདན་དྲངས་པ་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་བདུན་ཉིན་ནས་ཚེས་དགུ་ཉིན་བར་ཅོར་ཏན་རྒྱལ་ཁབ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་པ་དང་། ཅོར་ཏན་རྒྱལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པ་དང་དབུ་བཞུགས་བློན་ཆེན་ཨུན་སུའུ་ཨར། དམངས་གྲོས་ཁང་གི་གྲོས་དཔོན་ཚབ་མ་སཱ་ཧྥ་ཏེ་བཅས་ལ་མཇལ་འཕྲད་གནང་བར་མ་ཟད་གྲོས་ཞུགས་དཔོན་པོ་ལཱ་ཝ་པུས་ཏི་དང་གྲོས་མོལ་མཛད།

ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ན་ནིང་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་ཡིས་ཀྲུང་གོར་འཚམས་འདྲི་བྱས་ནས་གྲུབ་འབྲས་ཆེན་པོ་བླངས་པར་མ་ཟད། ཀྲུང་གོའི་མགོ་ཁྲིད་པ་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་རབ་དང་རིམ་པ་བྱུང་། ཕྱིན་ཆད་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་བར་གྱི་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ཕན་ཚུན་གྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ལ་རྒྱབ་སྐྱོར་བྱེད་པ་དང་མཉམ་དུ་ཅོར་ཏན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ད་དུང་རང་རྒྱལ་གྱི་ཁེ་ལས་མང་བོ་ཅོར་ཏན་གྱི་འགྲིམ་འགྲུལ་དང་ནུས་ཁུངས། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ལས་གཞིའི་ཁྲོད་དུ་ཞུགས་པར་སྐུལ་མ་གཏོང་ངེས་ཡིན་ཟེར།

 རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པ་སོགས་ཅོར་ཏན་གྱི་མགོ་ཁྲིད་པས་ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་ཅོར་ཏན་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཆེ་ཞུས་པ་དང་། ཕྱིན་ཆད་མུ་མཐུད་དུ་ཀྲུང་གོའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སློབ་གསོ་སོགས་ཁྱབ་ཁོངས་སུ་མཉམ་ལས་དམ་པོ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་དང་གྲོས་མོལ་ནང་རྐྱེན་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག