མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-11 10:29

ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ལ་མཇལ་འཕྲད་གནང་།

 ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ད་ལོའི་ཟླ་བདུན་པར་ངས་ཧན་གོར་འཚམས་འདྲི་བྱས་པ་དང་། ང་ཚོར་ཀྲུང་གོ་དང་ཧན་གོའི་བར་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་ཐུན་མོང་གི་ལྟ་བ་རྒྱ་ཆེན་པོ་བྱུང་། ཁྱད་པར་དུ་ཀྲུང་གོ་དང་ཧན་གོ་གཉིས་ཀྱི་རང་དབང་ཉོ་ཚོང་ས་ཁུལ་འཛུགས་པའི་སྐོར་ནས་མྱུར་དུ་གྲོས་མོལ་བྱེད་རྒྱུའི་ཐག་བཅད་དེ། ཕྱོགས་གཉིས་ཀྱིས་ཅུང་མ་འགོར་བའི་སྔོན་ལ་ཀྲུང་གོ་དང་ཧན་གོ་གཉིས་ཀྱི་རང་དབང་ཉོ་ཚོང་ས་ཁུལ་འཛུགས་པའི་སྐོར་ནས་ངོ་བོ་རང་བཞིན་གྱི་གྲོས་མོལ་བྱས། ཀྲུང་གོ་དང་ཧན་གོ་གཉིས་བར་རང་དབང་ཉོ་ཚོང་ས་ཁུལ་འཛུགས་པར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་མ་ཟད། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གཞི་གཅིག་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་སྲིད། ངས་ཁྱེད་དང་འབྲེལ་འདྲིས་བྱས་ནས། གནད་དོན་གལ་ཆེན་ཐད་ནས་དུས་ཐོག་ཏུ་བསམ་ཚུལ་བརྗེ་རེས་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་མཛའ་མཐུན་མཉམ་ལས་ཀྱི་འཕེལ་རྒྱས་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་དང་མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་པར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཧན་གོ་གཉིས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ་བྱེད་དུ་འཇུག་འདོད་ཡོད་ཟེར།

ཕེའོ་ཅིན་ཧོས་ཀྱིས་བཤད་རྒྱུར། ཧན་གོ་དང་ཀྲུང་གོ་གཉིས་བར་རང་དབང་ཉོ་ཚོང་ས་ཁུལ་འཛུགས་པ་དེ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དར་རྒྱས་དང་ཨེ་ཤ་ཡ་དར་རྒྱས་གོང་འཕེལ་དུ་གཏོང་བའི་ཐད་ཀྱི་འཕྲིན་བཟང་གལ་ཆེན་ཞིག་ཡིན། ཧན་གོ་ཕྱོགས་ཀྱིས་མུ་མཐུད་དུ་འབད་བརྩོན་བྱས་ནས། འབྲེལ་ཡོད་གྲོས་ཆོད་སྔ་མོ་ནས་འགོད་པ་དང་དེ་དོན་ཐོག་ཏུ་འཁྱོལ་བར་བྱེད་རྒྱུ་རེད། རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་ཀྱི་སྙིང་སྟོབས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ནས། ཧན་གོ་དང་ཀྲུང་གོ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་མཉམ་ལས་འབྲེལ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱིན་ཡོད་ཟེར།

མཇལ་འཕྲད་གནང་རྗེས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་མཉམ་དུ་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་འགོད་པའི་མཛད་སྒོར་ཞུགས།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག