མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་པེ་ཅིན་དུ་ཚོགས་པ།

  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  2014-11-10 15:51

     ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ2014ལོའི་ཟླ10པའི་ཚེས25ཉིན་པེ་ཅིན་དུ་ཚོགས་པ་རེད།

    ཚང་འཛོམས་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི།ནན་ཏན་གྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་དངོས་འབེབས་བྱ་རྒྱུ་དེ་ཡིན་ལ།སྒྲིག་བཤེར་ལྟ་ཞིབ་མ་ལག་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་བྱེད་པར་བཀོད་སྒྲིག་དང་།ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བྱས་ཏེ།ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་སྐུལ་སྤེལ་བྱེད་པར་རྦད་ཆོད་ནུས་ལྡན་གྱིས་ཁག་ཐེག་བྱ་རྒྱུ་དེ་ཡིན།

    ཚང་འཛོམས་གྲོས་ཚོགས་སྟེང་ལིའུ་ཅིན་གོ་ལ་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཧྲུའུ་ཅི་གཞོན་པར་འདེམ་བསྐོ་བྱས།

    ཟླ10པའི་ཚེས25ཉིན་བསྡུས་པའི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་རུལ་རྒོལ་གཙང་སྤེལ་གྱི་འཕྲིན་བརྡ་གསར་བ་སྐོར་ཞིག་བཏང་བ་སྟེ།

    འཕྲིན་བརྡ་དང་པོ།སྤྱོད་ཚུལ་དག་ཐེར་དང་སྒྲིག་ཁྲིམས་ནན་མོ་བྱེད་པ་རྒྱུན་ཚུལ་གསར་བར་འགྱུར་ངེས།

    ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་གསལ་བོར་བསྟན་དོན།ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་ནམ་ཡིན་ཡང་ལམ་ཐོག་ཏུ་ཡོད།རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་ཚུལ་བཞི་ཡོ་བསྲང་བྱ་དགོས་པ་དང་།མགྱོགས་མྱུར་དལ་མེད་སྒོས་སྤྱོད་ཚུལ་དག་ཐེར་དང་སྒྲིག་ཁྲིམས་ནན་མོ་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྲུན་དེ་རྒྱུན་ཚུལ་གསར་བར་འགྱུར་དུ་འཇུག་དགོས།མུ་མཐུད་དུ་མཐོ་གནོན་བྱེད་པ་རྒྱུན་སྲུང་བྱས་ནས། སྡོང་ནད་བཅོས་པ་དང་སྡོང་རུལ་འབལ་བ།བློ་ཐག་རྦད་ཆོད་ཀྱིས་རུལ་སུངས་ཀུན་མཆེད་ཀྱི་རྣམ་པ་འགོག་དགོས།

    འཕྲིན་བརྡ་གཉིས་པ།ཏང་ནང་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བའི་དུས་ཚོད་གཏན་འཁེལ་བྱས་པ།

    ཏང་ནང་ཁྲིམས་སྲོལ་བཀོལ་སྤྱོད་བྱས་ནས་ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་གཟབ་ནན་གྱིས་ཏང་བཅོས་སྐྱོང་བྱེད་པ་དངོས་འབེབས་དོན་འཁྱོལ་བྱ་དགོས།འདི་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་བཏོན་པའི་བླང་བྱ་གསལ་བོ་རེད།

    ཏང་ནང་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཆ་ཚང་བའི་ཏང་ནང་ཁྲིམས་སྲོལ་མ་ལག་ཆགས་པར་དམིགས་ཏེ།ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཆབ་སྲིད་ཀྱི་སྒྲིག་ལམ་དང་རྩ་འཛུགས་སྒྲིག་ལམ་ཚད་ལྡན་ཡོང་བ་གཙོར་འཛིན་བཞིན་དགོངས་དོན་གསལ་བོ་དང་སྟབས་བདེ་གོ་སླ།ལག་བསྟར་བྱེད་བདེ་ཡིན་པ་བྱེད་པའི་དམིགས་འབེན་གསལ་བོ་བཏོན་པར་མ་ཟད།ད་དུང་དུས་ཚོད་རེའུ་མིག་སྟེ། ཏང་བཙུགས་ནས་ལོ་འཁོར100ལོན་པའི་སྐབས་སུ། ནང་དོན་ཚན་རིག་དང་མཐུན་ཞིང་བརྒྱུད་རིམ་ཚགས་དམ་པ། སྡེབ་ཁ་ཆ་ཚང་བ།བཀོལ་སྤྱོད་གོ་ཆོད་ཡིན་པའི་ཏང་ནང་ཁྲིམས་སྲོལ་ལམ་ལུགས་གི་མ་ལག་འཛུགས་སྐྲུན་བྱ་རྒྱུ་གཏན་འཁེལ་བྱས།

    འཕྲིན་བརྡ་གསུམ་པ།རང་དགར་ཅི་བྱེད་དང་མངོན་བརྩི་ལྐོག་འགལ་གཏན་ནས་བྱེད་མི་རུང་།

    ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ནན་གྱིས་བསྟན་དོན།ཏང་ཡོན་ལས་བྱེད་པ་དང་ཁྱད་པར་དུ་མགོ་ཁྲིད་ལས་བྱེད་པས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཀྱི་ལམ་སྲོལ་བརྩི་སྲུང་ནན་མོ་བྱས་ནས“ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་རྒྱུན་སྲུང་བྱེད་པ”དེ་བྱ་སྤྱོད་དངོས་སུ་འགྱུར་བར་བྱ་དགོས།ཏང་ནང་ནས་ཕྱོགས་ཁག་དང་སྐོར་ཁག་བྱས་ནས་ཕན་ཁེ་སྐྱེལ་འབུལ་གཏན་ནས་བྱེད་མི་ཆོག་ལ།རང་དགར་ཅི་བྱེད་དང་མངོན་བརྩི་ལྐོག་འགལ་གཏན་ནས་བྱེད་མི་ཆོག

    སྔོན་དཔག་ཐུབ་པ་ནི།དེང་ཕྱིན་ཆད།རིམ་པ་སོ་སོའི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མུ་མཐུད་དུ་རུལ་རྒོལ་གཙང་སྤེལ་གྱི་བྱ་བ་ལེགས་སྒྲུབ་བྱེད་པའི་མཚུངས་སུ།ཆབ་སྲིད་སྒྲིག་ལམ་ལག་བསྟར་གནས་ཚུལ་གྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བྱེད་པ་དང་།གོང་ན་སྲིད་ཇུས་ཡོད་རུང་འོག་ན་སྒྲུབ་ཚུལ་རེ་ཡོད་པ།བཀའ་ཡོད་ན་ལག་བསྟར་མི་བྱེད་པ་དང་བཀག་རྒྱ་ཡོད་ན་མི་འགོག་པའི་བྱ་སྤྱོད་དག་རྩད་བཅད་ནས།བློ་ཐག་རྦད་ཆོད་ཀྱིས་ཏང་གི་གཅིག་བསྡུས་གཅིག་གྱུར་སྲུང་སྐྱོང་བྱ་དགོས།།

        

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག