མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧུང་སིན་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-08 13:28

习近平会见柬埔寨首相洪森.jpg

  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བདུན་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧུང་སིན་ལ་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བདུན་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧུང་སིན་ལ་མཇལ་འཕྲད་གནང་།

  མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་དབུ་བཞུགས་བློན་ཆེན་ཧུང་སིན་དང་མི་དམངས་ཏང་གིས་ཁམ་ཕུ་ཀྲེ་ལ་མགོ་ཁྲིད་བྱས་ཏེ་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱེད་པར་མ་ཟད་མུ་མཐུད་དུ་ཁམ་ཕུ་ཀྲེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་བྱེད་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཀྲེའི་མཐོ་རིམ་མགོ་ཁྲིད་པའི་བར་གྱི་འགྲོ་འོང་དང་ཏང་བར་གྱི་འབྲེལ་འདྲིས་ལ་ཤུགས་བསྣན་ཏེ། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་བྱེད་པ་དང་ཞིང་ལས་དང་ཆུ་གློག དཔལ་འབྱོར་དམིགས་བསལ་ས་ཁུལ། སློབ་གསོ། སྨན་བཅོས། གློག་འཕྲིན་གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས། དར་གོས་ཚོང་ལམ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་གི་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་བྱེད་པར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

  ཧུང་སིན་གྱིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་ཏང་དང་སྲིད་གཞུང་། དམག་དཔུང་། ས་གནས། དམངས་ཁྲོད་བཅས་ཀྱིས་འབྲེལ་འདྲིས་གང་མང་བྱེད་པ་དང་མཉམ་ལས་རྒྱ་བསྐྱེད་ཅིང་མཛའ་བཤེས་རྒྱུན་འཛིན་བྱེད་དགོས། ཁམ་ཕུ་ཀྲེ་ཕྱོགས་ཀྱིས་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་བྱེད་པ་གོ་སྐབས་སུ་བཟུང་སྟེ་རྒྱལ་ཁབ་རང་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མངའ་ཁོངས་ཀྱི་གཞི་གཅིག་ཅན་གྱི་འཕེལ་རིམ་ཁྲོད་དུ་ཞུགས་ནས་ས་གནས་ཀྱི་ཞི་བའི་བརྟན་འཇགས་ལ་ཡར་སྐུལ་གཏོང་ངེས་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག