ཚེས་བདུན་ཉིན། ཀྲུའུ་ཞི་ཞི་ཅིན་ཕེན་གྱི་མངགས་བཅོལ་ལྟར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཝང་ཆི་ཧྲན་གྱིས་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་ཐ་ཅི་ཁི་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ལཱ་ཧི་མིན་ལ་མཇལ་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུའུ་ཞི་ཞི་ཅིན་ཕེན་གྱི་མངགས་བཅོལ་ལྟར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཝང་ཆི་ཧྲན་གྱིས་ཚེས་བདུན་ཉིན་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་ཐ་ཅི་ཁི་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ལཱ་ཧི་མིན་ལ་མཇལ་འཕྲད་གནང་བར་མ་ཟད་གསོལ་སྟོན་བཤམས། ཝང་ཆི་ཧྲན་གྱིས་ལཱ་ཧི་མིན་ཀྲུང་གོར་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས། ཁོང་གིས་གསུངས་རྒྱུར། ད་ལོའི་ཟླ་དགུ་བར་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་རྒྱལ་ཁའི་ངང་ཐ་ཅི་ཁི་སི་ཐན་ལ་འཚམས་འདྲི་མཛད་པ་དང་། དེ་རིང་ཡང་བསྐྱར་ཁྱེད་དང་གྲོས་མོལ་མཛད་པ་དེས་ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་གལ་ཆེ་བའི་ཐུན་མོང་གི་ལྟ་ཚུལ་གསར་བ་འབྱུང་བར་སྐུལ་འདེད་བཏང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཀྱི་བདེ་འཇགས་ནི་རྒྱལ་ཁབ་ཞི་བདེ་འཕེལ་རྒྱས་ཀྱི་རེ་བ་དང་པོ་ཡིན་ལ། ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་རྒྱལ་ཁབ་ཀྱི་འཐབ་ཇུས་མཉམ་ལས་ལ་དེའི་ཐད་ཀྱི་དངོས་གཉེར་རང་བཞིན་གྱི་ནང་དོན་ལྡན། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་སྒོས་ཐ་ཅི་ཁི་སི་ཐན་རྒྱལ་ཁབ་རང་ཉིད་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་འཆར་འགོད་ནན་ཏན་སྒོས་ལག་བསྟར་དངོས་འབེབ་བྱས་ཏེ། སྟོབས་ཤུགས་ངན་པ་གསུམ་དང་དུག་རྫས་འཚོང་བར་རྡུང་རྡེག་དང་རྒྱལ་མཚམས་དོ་དམ་སོགས་ཕྱོགས་ཀྱི་མཐུན་སྦྱོར་ལ་ཤུགས་བསྣན་ནས། ཁྲིམས་འཛིན་བདེ་འཇགས་ཐད་ཀྱི་བརྗེ་རེས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་བྱེད་བཞིན་ཡོད་ཟེར།
ལཱ་ཧི་མིན་གྱིས་བསྟན་དོན། ཐ་ཅི་ཁི་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་གྱི་ཁྱིམ་མཚེས་མཛའ་མཐུན་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་འགྱུར་བ་མེད་པའི་སྒོ་ནས་འཕེལ་རྒྱས་སུ་བཏང་སྟེ། མཐའ་འཚམས་དོ་དམ་ལ་ཤུགས་སྣོན་པ་དང་ས་གནས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཟེར། །
རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།