མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་མགོ་འཛིན་མཛད་དེ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-07 10:43

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞི་ཅིན་ཕེན་གྱིས་ཚེས་བཞི་ཉིན་གྱི་སྔ་དྲོར་མགོ་འཛིན་མཛད་དེ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས་ཏེ། དར་གོས་ཚོང་ལམ་གྱི་དཔལ་འབྱོར་ས་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་གི་དར་གོས་ཚོང་ལམ་ལ་འཆར་འགོད་བྱེད་པ་དང་། ཨེ་ཤ་ཡའི་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་དངུལ་ཁང་དང་དར་གོས་ཚོང་ལམ་གྱི་ཐེབས་རྩ་འཛུགས་པར་ཞིབ་འཇུག་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིས་ཁི་ཆང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་ལིག་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་ཀྲང་ཀའོ་ལིས་བཅས་གྲོས་ཚོགས་ལ་ཞུགས།

 ཚོགས་ཐོག་ནས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་བཅས་ཀྱིས་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ས་ཁུལ་གྱི་འཆར་འགོད་དང་ཨེ་ཤ་ཡའི་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་དངུལ་ཁང་དང་དར་གོས་ཚོང་ལམ་གྱི་ཐེབས་རྩ་འཛུགས་པའི་སྐོར་གྱི་ཡར་ཞུ་ལ་ཉན་པ་དང་མགོ་ཁྲིད་ཚན་ཆུང་གི་ཁོངས་མིས་དེའི་ཐད་ལ་གྲོས་བསྡུར་བྱས།

 ཞི་ཅིན་ཕེན་གྱིས་གསུངས་རྒྱུར། དར་གོས་ཚོང་ལམ་གྱི་དཔལ་འབྱོར་ས་ཁུལ་གྱི་གྲོས་མགོ་བཏོན་པ་དེ་ཕྱི་ཕྱོགས་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བར་ཕན་པ་ཡོད། ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་བཅོས་སྒྱུར་སྒོ་འབྱེད་བྱས་པ་བརྒྱུད། རང་རྒྱལ་གྱི་དཔལ་འབྱོར་དེ་ནང་འདྲེན་བྱེད་པ་ནས་ཕྱིར་འདྲེན་པ་དང་ཕྱིར་འགྲོ་བ་བཅས་མཉམ་དུ་འཛིན་པའི་འགྱུར་ལྡོག་ཆེན་པོ་ལག་བསྟར་བྱེད་བཞིན་ཡོད་པ་དང་ད་ལྟ་ཚོང་ར་དང་ཐོན་ཁུངས་ནུས་ཁུངས། དངུལ་གཏོང་བཅས་ཕྱི་ཕྱོགས་སུ་མཉམ་བསྲེས་བྱེད་པའི་རྣམ་པ་བཟང་བོ་ཆགས་ཡོད། ཕྱི་ཕྱོགས་སྒོ་འབྱེད་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་གི་དཔལ་འབྱོར་དང་མཉམ་བསྲེས་བྱས་ན་ད་གཟོད་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་ཐུབ་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། དར་གོས་ཚོང་ལམ་གྱི་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་བྱེད་རྒྱུ་ནི་ཡུན་རིང་བའི་བཟོ་སྐྲུན་ཞིག་ཡིན་པས། གཅིག་གྱུར་སྒོས་འཆར་འགོད་དང་མཐུན་སྦྱོར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་། སྲིད་གཞུང་དང་ཚོང་རའི་འབྲེལ་བ་ཐག་གཅོད་གང་ལེགས་བྱེད་དགོས་ལ། ཚོང་རའི་ནང་རྐྱེན་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ་དང་། རྒྱལ་དབང་ཁེ་ལས་དང་དམངས་གཉེར་ཁེ་ལས་སོགས་རིགས་མི་འདྲ་བའི་ཁེ་ལས་ལ་སྐུལ་སློང་བྱས་ནས་དེའི་ཁྲོད་དུ་ཞུགས་པ་དང་མཉམ་དུ་སྲིད་གཞུང་གི་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས། ཕྱི་ཕྱོགས་ཀྱི་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། གསར་སྤེལ་རང་བཞིན་དང་སྲིད་ཇུས་རང་བཞིན་དངུལ་ལོར་གྱི་ཐུན་མོང་མ་ཡིན་པའི་ཁྱད་སྟོབས་དང་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ་དང་ཧུར་ཐག་སྒོས་དམངས་གཉེར་མ་རྩ་དེའི་ཁྲོད་དུ་ཞུགས་པར་སྣེ་ཁྲིད་བྱེད་དགོས་ཟེར།

 ཞི་ཅིན་ཕེན་གྱིས་གསུངས་རྒྱུར། གསར་གཏོད་ཀྱི་བསམ་ཕྱོགས་ལ་བརྟེན་ནས་ཨེ་ཤ་ཡའི་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་དངུལ་ཁང་དང་དར་གོས་ཚོང་ལམ་གྱི་ཐེབས་རྩ་འཛུགས་དགོས། རྒྱལ་ཁབ་ཁ་ཤས་དང་མཉམ་ལས་བྱས་ཏེ་ཨེ་ཤ་ཡའི་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་དངུལ་ཁང་འཛུགས་སྐབས་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ས་ཁུལ་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་ལ་མ་དངུལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་ནས་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག