མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་ཨར་ཅི་རི་ཡར་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-04 11:05

ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན། ཨར་ཅི་རི་ཡར་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་བཞིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཨར་ཅི་རི་ཡ་ནས་ཨར་ཅི་རི་ཡའི་མི་རིགས་ཁང་གི་གྲོས་དཔོན་པུན་ས་ལ་ཧི་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨར་ཅི་རི་ཡའི་མི་རིགས་ཁང་གི་གྲོས་དཔོན་པུན་ས་ལ་ཧི་ཡིས་གདན་དྲངས་པ་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ནས་ཚེས་གསུམ་ཉིན་བར་ཨར་ཅི་རི་ཡར་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད། ཨར་ཅི་རི་ཡ་ནས་ཡུས་ཀྲིན་ཧྲིན་གྱིས་ཨར་ཅི་རི་ཡའི་ཙུང་ཐུང་པུའུ་ཐི་ཧྥོ་ལིས་ཁ་དང་ཙུང་ལི་སེ་ལཱ་ལིས། རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཧ་ལིས་ཧྥ། ཕྱི་འབྲེལ་དཔོན་པོ་ལཱ་མཱ་མུའུ་ལཱ་བཅས་ལ་སོ་སོར་མཇལ་འཕྲད་གནང་བར་མ་ཟད། མི་རིགས་ཁང་གི་གྲོས་དཔོན་པུན་ས་ལཱ་ཧི་དང་གྲོས་མོལ་མཛད།

ཡུས་ཀྲིན་ཧྲིན་གྱིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཙུང་ལི་ལིས་ཁི་ཆང་། ཨུ་ཡོན་ཀྲང་ཀྲང་ཏི་ཅང་བཅས་ཀྱིས་ཨར་ཅི་རི་ཡའི་མགོ་ཁྲིད་པར་སྙིང་ཉེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་སྒྲོག་མཛད།

 ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཨར་ཅི་རི་ཡའི་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཨར་ཅི་རི་ཡ་སྤུན་ཟླ་བཟང་བོ་དང་གྲོགས་པོ་བཟང་བོར་བརྩིས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨར་ཅི་རི་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པར་གཏོང་བ། རྒྱལ་ཁབ་གཉིས་ཀྱི་རིམ་པ་སོ་སོའི་བར་གྱི་འགྲོ་འོང་ཇེ་མང་དུ་བཏང་སྟེ། ཀྲུང་གོ་དང་ཨར་ཅི་རི་ཡའི་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

 ཡུས་ཀྲིན་ཧྲིན་གྱིས་ཀྲུང་གོའི་རྒྱལ་ནང་གི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་གནས་ཚུལ་དང་སྲིད་གྲོས་ཀྱི་ཀྲུང་གོའི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་ནུས་པ་མཚམས་སྦྱོར་མཛད་པར་མ་ཟད། ཕྱི་ཕྱོགས་འགྲོ་འོང་ལ་ཤུགས་སྣོན་པ་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བཤེས་ཇེ་དམ་དུ་གཏོང་རྒྱུ་ནི་སྲིད་གྲོས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ཟེར།

ཙུང་ཐུང་པུའུ་ཐི་ཧྥོ་ལིས་ཁ་དང་གྲོས་དཔོན་པུན་ས་ལ་ཧི། ཙུང་ལི་སེ་ལ་ལིས་བཅས་ཨར་ཅི་རི་ཡ་ཕྱོགས་ཀྱི་མགོ་ཁྲིད་པས་ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་ཨར་ཅི་རི་ཡ་ཕྱོགས་ལ་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་སྐྲུན་བྱས་ནས། ཆབ་སྲིད་དང་དཔལ་འབྱོར། རིག་གནས། སློབ་གསོ་སོགས་ཁྱབ་ཁོངས་སོ་སོའི་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པར་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་གྲོས་ཁང་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་བསྣན་ཏེ། རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་དམ་པོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དང་མགྱོགས་མྱུར། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།  །  

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག