མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཁ་ཐར་རྒྱལ་ཁབ་ཀྱི་ཨེ་མུས་ཨར་ཐ་མུས་མུའུ་དང་གྲོས་མོལ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-04 10:59

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་གསུམ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁ་ཐར་རྒྱལ་ཁབ་ཀྱི་ཨེ་མུས་ཨར་ཐ་མུས་མུའུ་དང་གྲོས་མོལ་མཛད། གྲོས་མོལ་མ་མཛད་པའི་སྔོན་ལ། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ། ཁ་ཐར་རྒྱལ་ཁབ་ཀྱི་ཨེ་མུས་ཨར་ཐ་མུས་མུའུ་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་ཡོང་བར་བསུ་བ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་གསུམ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁ་ཐར་རྒྱལ་ཁབ་ཀྱི་ཨེ་མུས་ཨར་ཐ་མུས་མུའུ་དང་གྲོས་མོལ་མཛད་པ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་མཉམ་དུ་ཀྲུང་གོ་དང་ཁ་ཐར་བར་ལ་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་རྒྱུ་ཁྱབ་བསྒྲགས་བྱས།

གྲོས་མོལ་མཛད་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཁ་ཐར་ནི་དབུས་ཤར་མཚོ་ཁུག་ས་ཁུལ་དུ་དམིགས་བསལ་གྱི་ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་གཙོ་བོ་ཞིག་ཡིན་ལ། ཀྲུང་གོའི་ས་ཁུལ་དེའི་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཀྱང་ཡིན། ཁྱེད་ཀྱིས་ད་ཐེངས་འཚམས་འདྲི་བྱེད་པའི་སྐབས་སུ་ང་ཚོ་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་སུ་གཏོང་རྒྱུ་ཐག་བཅད་པ་དང་། དེ་ནི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་པས། ང་ཚོས་འཐབ་ཇུས་ཀྱི་མཐོ་ཚད་ནས་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་འཆར་འགོད་བཟང་བོ་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། རྒྱལ་ཁབ་གཉིས་ཀྱིས་དམག་དཔུང་གཉིས་བར་གྱི་བརྗེ་རེས་དང་བདེ་འཇགས་ཁྲིམས་འཛིན་མཉམ་ལས་ལ་ཤུགས་བསྣན་ནས་མཉམ་དུ་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་བྱེད་དགོས། ཁ་ཐར་ནི་མི་འགྱངས་པར་མཚོ་ཁུག་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཏུ་འགྱུར་ངེས་ཡིན་པས། ཁ་ཐར་ཕྱོགས་ཀྱིས་ཀྲུང་གོ་དང་མཚོ་ཁུག་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རང་མོས་ཉོ་ཚོང་ས་ཁུལ་གྱི་གྲོས་མོལ་མྱུར་དུ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

 ཐ་མུས་མུའུ་ཡིས་བཤད་རྒྱུར། ཁ་ཐར་ཕྱོགས་ཀྱིས་ཁ་ཐར་དང་ཀྲུང་གོའི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། བློ་ཐག་རྦད་ཆོད་སྒོས་མཚོ་ཁུག་དང་ཀྲུང་གོའི་རང་མོས་ཉོ་ཚོང་ས་ཁུལ་གྱི་གྲོས་མོལ་སྔ་མོ་ནས་ཡོངས་འགྲུབ་བྱེད་པར་བརྩོན་ལེན་བྱེད་བཞིན་ཡོད། ཁ་ཐར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཉིས་སྟོང་བཅུ་དྲུག་ལོའི་ཁ་ཐར་དང་ཀྲུང་གོའི་རིག་གནས་ལོའི་བྱ་འགུལ་བཟང་བོར་སྤེལ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བཤེས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཟེར།

གྲོས་མོལ་མ་མཛད་པའི་སྔོན་ལ། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ། ཁ་ཐར་རྒྱལ་ཁབ་ཀྱི་ཨེ་མུས་ཨར་ཐ་མུས་མུའུ་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་ཡོང་བར་བསུ་བ་བྱས།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག