མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དམག་ཡོངས་ཀྱི་ཆབ་སྲིད་བྱ་བའི་གྲོས་ཚོགས་ཀུའུ་ཐེན་ནས་བསྡུས་པ་དང་ཞི་ཅིན་ཕེན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-02 10:49


全军政治工作会议在古田召开 习近平出席会议并发表重要讲话1.jpg

  ཟླ་བཅུ་བའི་ཚེས་སུམ་ཅུ་ཉིན། དམག་ཡོངས་ཀྱི་ཆབ་སྲིད་བྱ་བའི་གྲོས་ཚོགས་ཧྥུའུ་ཅན་ཞིང་ཆེན་གྱི་ཧྲང་ཧོང་རྫོང་ཀུའུ་ཐེན་གྲོང་རྡལ་ནས་བསྡུས། པར་འདི་ནི་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་བའི་ཚུལ་རེད། 

全军政治工作会议在古田召开 习近平出席会议并发表重要讲话2.jpg

  ཟླ་བཅུ་བའི་ཚེས་སུམ་ཅུ་ཉིན། དམག་ཡོངས་ཀྱི་ཆབ་སྲིད་བྱ་བའི་གྲོས་ཚོགས་ཧྥུའུ་ཅན་ཞིང་ཆེན་གྱི་ཧྲང་ཧོང་རྫོང་ཀུའུ་ཐེན་གྲོང་རྡལ་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་། པར་འདི་ནི་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན། ཞི་ཅིན་ཕེན་གྱིས་ཀུའུ་ཐེན་གྲོས་ཚོགས་ཚོགས་སར་གཟིགས་ཞིབ་མཛད་པའི་ཚུལ་རེད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དམག་ཡོངས་ཀྱི་ཆབ་སྲིད་བྱ་བའི་གྲོས་ཚོགས་ཟླ་བཅུ་བའི་ཚེས་སུམ་ཅུ་ཉིན་ཧྥུའུ་ཅན་ཞིང་ཆེན་གྱི་ཧྲང་ཧོང་རྫོང་ཀུའུ་ཐེན་གྲོང་རྡལ་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་། ཞི་ཅིན་ཕེན་གྱིས་དམག་དཔུང་གི་ཆབ་སྲིད་བྱ་བའི་དུས་རབས་ཀྱི་ནང་དོན་གཙོ་བོ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དམ་པོར་དམིགས་ནས། ཏང་གི་གནས་བབ་གསར་བའི་འོག་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་ཆབ་སྲིད་ཀྱི་འགན་སྲུང་གལ་ཆེན་འདོན་སྤྲོད་བྱེད་རྒྱུ་དེ་ཡིན་པས། དམག་ཡོངས་ཀྱིས་ངེས་པར་དུ་མར་ཁི་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིན་ཞའོ་ཕེན་གྱི་རིགས་གཞུང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་བྱེད་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་ཀྲུང་དབྱང་གི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་ཡར་སྐུལ་བྱེད་པ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་སྐོར་གྱི་བཀོད་སྒྲིག་དང་རེ་བ་ལག་ལེན་མཐར་ཕྱིན་བྱེད་དགོས་ལ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་དང་དམག་དཔུང་བཅོས་སྐྱོང་ནན་མོ་བྱེད་པའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ནས། རང་རེའི་དམག་དཔུང་གི་ཆབ་སྲིད་བྱ་བའི་དུས་རབས་ཀྱི་ནང་དོན་གཙོ་བོར་དམ་པོར་དམིགས་ཏེ། གནས་བབ་གསར་བའི་འོག་གི་རང་རེའི་དམག་དཔུང་གི་ཆབ་སྲིད་བྱ་བ་གཙིགས་འཛིན་དང་ལེགས་བཅོས་བྱས་ནས། ཆབ་སྲིད་བྱ་བ་དེའི་དམག་དཔུང་སྟོབས་ལྡན་དང་རྒྱ་བསྐྱེད་དུ་གཏོང་བའི་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་ནན་གྱིས་གསུངས།

  ཀུའུ་ཐེན་གྲོས་ཚོགས་ཚོགས་ས་དེ་ནི་ང་ཚོ་ཏང་གིས་བསམ་བློའི་སྟེང་ནས་ཏང་འཛུགས་པ་དང་ཆབ་སྲིད་ཕྱོགས་ནས་དམག་དཔུང་འཛུགས་པའི་རྩ་དོན་གཏན་འཁེལ་བྱེད་ས་ཡིན་ལ། རང་རེའི་དམག་དཔུང་གི་ཆབ་སྲིད་བྱ་བའི་རྨང་གཞི་བཏིངས་ས་ཡིན་པར་མ་ཟད། རྣམ་པ་གསར་བའི་མི་དམངས་དམག་དཔུང་བཙུགས་སའང་ཡིན། ཧྥུའུ་ཅན་ནས་བྱ་བ་སྒྲུབ་སྐབས། ཞི་ཅིན་ཕེན་སྔ་གཞུག་ཏུ་དེ་རུ་ཐེངས་བདུན་ལ་ཕེབས་ནས། ཀུའུ་ཐེན་གྲོས་ཚོགས་ཀྱི་སྙིང་སྟོབས་ནུས་ཡོད་སྒོས་དར་སྤེལ་དང་འདོན་སྤེལ་བྱས།

  སྔ་དྲོའི་དུས་ཚོད་དགུ་ཡས་མས་སུ། ཞི་ཅིན་ཕེན་ཀུའུ་ཐེན་གྲོས་ཚོགས་ཚོགས་སར་ཕེབས་ཏེ། དམག་ཡོངས་ཀྱི་ཆབ་སྲིད་བྱ་བའི་གྲོས་ཚོགས་སུ་ཞུགས་པའི་འཐུས་མི་ཡོངས་ལ་བརྩེ་བའི་མཇལ་འཕྲད་གནང་། དེའི་རྗེས་སུ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚང་མ་དང་མཉམ་དུ་ཀུའུ་ཐེན་གྲོས་ཚོགས་ཚོགས་སར་གཟིགས་ཞིབ་མཛད།

  ཀུའུ་ཐེན་གྲོས་ཚོགས་རྗེས་དྲན་ཁང་ནས་ཞི་ཅིན་ཕེན་གྱིས་འགྲེལ་བཤད་ལ་ཞིབ་ཏུ་ཉན་པ་དང་། ཚང་མ་དང་བརྗེ་རེས་བྱས་པར་མ་ཟད། མཉམ་དུ་ཏང་གི་མགོ་ཁྲིད་ཀྱིས་རྣམ་པ་གསར་བའི་མི་དམངས་དམག་དཔུང་གསར་འཛུགས་བྱས་པའི་ལོ་རྒྱུས་རྗེས་དྲན་བྱས་ནས། དམག་དཔུང་གི་ཆབ་སྲིད་བྱ་བའི་རྩ་བའི་རྩ་དོན་དང་ལམ་ལུགས་རྒྱུན་འཁྱོངས་བྱེད་པའི་འདུ་ཤེས་དང་འགན་འཁྲི་ཇེ་ཆེར་གཏོང་དགོས་ཞེས་གསུངས།

  ཕྱི་དྲོར། ཞི་ཅིན་ཕེན་དམག་ཡོངས་ཀྱི་ཆབ་སྲིད་བྱ་བའི་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་གསུངས་རྒྱུར། གསར་བརྗེའི་ཆབ་སྲིད་བྱ་བ་ནི་གསར་བརྗེའི་དམག་དཔུང་བྱ་བ་གཙོ་བོ་ཡིན། གསར་བརྗེའི་ཆབ་སྲིད་བྱ་བ་ལག་བསྟར་བྱས་ནས། རང་རེའི་དམག་དཔུང་དུས་དང་རྣམ་པ་ཀུན་ཏུ་ཏང་གི་མཐའ་གཅིག་གི་མགོ་ཁྲིད་འོག་གི་གསར་བརྗེའི་དམག་དཔུང་ཡིན་པར་ཁག་ཐེག་བྱས་པར་མ་ཟད། རང་རེའི་དམག་དཔུང་གིས་དགྲ་བོ་ཆེན་པོ་ལས་རྣམ་པར་རྒྱལ་བ་དང་། དཀའ་ཁག་དང་ཉེན་ཁ་ཁྱད་དུ་བསད་པར་སྟོབས་ཤུགས་ཆེན་པོ་འདོན་སྤྲོད་བྱས་པས། རང་རེའི་དམག་དཔུང་གིས་མི་དམངས་དམག་དཔུང་གི་ངོ་བོ་དང་སྤྱོད་བཟང་ནམ་ཡང་སྲུང་འཛིན་བྱས་ཡོད་ཟེར།

  ཞི་ཅིན་ཕེན་གྱིས་ལོ་འདི་དག་རིང་ལ་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག རང་རེའི་དམག་དཔུང་གི་ཆབ་སྲིད་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པར་མ་ཟད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་ལ་དམ་པོར་དམིགས་ཏེ། ཆབ་སྲིད་བྱ་བར་གཙིགས་འཛིན་དང་ལེགས་བཅོས་བྱས་ནས། བློ་རྩེ་གཅིག་སྒྲིམ་སྒོས་དཀྱིལ་སྙིང་ལ་ཞབས་ཕྱི་སྒྲུབ་པ་དང་། སྤྱོད་ཚུལ་ལེགས་བཅོས་བྱེད་པ། རུལ་སུངས་ལ་ངོ་རྒོལ་དང་སྲིད་གཙང་དར་སྤེལ་བྱས་ནས། དམག་དཔུང་སྟོབས་ལྡན་དང་རྒྱ་བསྐྱེད་པའི་ཡར་རྒྱས་སྟོབས་ཤུགས་རྒྱུན་ཆད་མེད་པར་གཅིག་ཏུ་བསྡུས་ནས། དམག་དཔུང་གི་གོང་བུ་གཅིག་སྒྲིལ་གྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ཡོད་ཅེས་གསུངས། ཞི་ཅིན་ཕེན་གྱིས་ངེས་པར་དུ་དམག་དཔུང་འཛུགས་སྐྲུན་དང་ཁྱད་པར་དུ་བསམ་བློའི་ཆབ་སྲིད་འཛུགས་སྐྲུན་ཐད་གནས་པའི་འབུར་ཐོན་གནད་དོན་ལ་མཐོང་ཆེན་བྱེད་དགོས་ལ། ལྷག་པར་དུ་ཞུའུ་ཚེ་ཧིག་གི་གྱོད་གཞིར་ཧ་ཅང་མཐོང་ཆེན་བྱས་ནས། དེར་བསམ་བློ་ཡང་ཡང་གཏོང་བ་དང་བསླབ་བྱར་བཟུང་ནས། དེའི་ཤུགས་རྐྱེན་གཙང་སེལ་བྱེད་དགོས་ཞེས་ནན་གྱིས་གསུངས། ཞི་ཅིན་ཕེན་གྱིས་ཉེ་བའི་ལོ་འགའི་རིང་ལ་དམག་དཔུང་གིས་གྱོད་གཞི་རྩད་གཅོད་བྱེད་པ་དང་སྐོར་ཞིབ་བྱ་བ་སྒྲུབ་པ། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བ་བཅས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས། དམག་དཔུང་དང་ཁྱད་པར་དུ་མགོ་ཁྲིད་ལས་བྱེད་པའི་བསམ་བློའི་ཆབ་སྲིད་དང་ཀུན་སྤྱོད་ཐད་གནས་པའི་ཕྱོགས་བཅུའི་ཐད་ཀྱི་གནད་དོན་གཙོ་བོར་དབྱེ་ཞིབ་ཟབ་མོ་བྱས།

  ཞི་ཅིན་ཕེན་གྱིས་གསུངས་རྒྱུར། གནས་བབ་གསར་བའི་འོག་རང་རེའི་དམག་དཔུང་གི་ཆབ་སྲིད་བྱ་བར་གཙིགས་འཛིན་དང་ལེགས་བཅོས་བྱེད་དགོས་ན། དེང་སྐབས་ཕྱོགས་ལྔའི་ཐད་ཀྱི་བྱ་བ་གཙོ་བོར་བཟུང་སྟེ་སྒྲུབ་དགོས་པ་སྟེ། གཅིག་ནི་སྟོབས་ཤུགས་ཡོད་རྒུ་བཏོན་ནས་དམག་དཔུང་གི་བླ་སྲོག་ཇེ་བརྟན་དུ་གཏོང་བའི་བྱ་བ་བཟང་བོར་སྒྲུབ་དགོས་པ་དང་། གཉིས་ནི་སྟོབས་ཤུགས་ཡོད་རྒུ་བཏོན་ནས་དམག་དཔུང་གི་རིམ་པ་མཐོ་འབྲིང་གི་ལས་བྱེད་པའི་དོ་དམ་བྱ་བ་བཟང་བོར་སྒྲུབ་དགོས། གསུམ་ནི་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཀུན་སྤྱོད་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཟང་བོར་སྤེལ་དགོས། བཞི་ནི་སྟོབས་ཤུགས་ཡོད་རྒུ་བཏོན་ནས་འཐབ་འཛིང་གི་སྙིང་སྟོབས་སྐྱེད་སྲིང་བྱེད་དགོས། ལྔ་ནི་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཆབ་སྲིད་བྱ་བ་གསར་སྐྲུན་བྱེད་པ་དང་འཕེལ་རྒྱས་སུ་གཏོང་དགོས་པ་བཅས་ཡིན་ཟེར།  

  ཐེངས་འདིའི་དམག་ཡོངས་ཀྱི་ཆབ་སྲིད་བྱ་བའི་གྲོས་ཚོགས་ནི་ཞི་ཅིན་ཕེན་གྱིས་གྲོས་མགོ་བཏོན་ཏེ་ཀུའུ་ཐེན་ནས་ཚོགས་པ་རེད། གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི་ཀུན་སྤྱོད་དག་ཐེར་གྱི་སྙིང་སྟོབས་ལག་ལེན་མཐར་ཕྱིན་བྱས་ནས། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་བའི་འོག་ཏང་གིས་བསམ་བློ་དང་ཆབ་སྲིད་སྟེང་ནས་དམག་དཔུང་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་དང་ཐག་གཅོད་བྱེད་རྒྱུ་དེ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག