མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་མགོ་འཛིན་མཛད་དེ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་གྲོས་ཚོགས་བསྡུས།

བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-26 10:45

111.jpg111.jpg

ཀྲང་ཏི་ཅང་གིས་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར་མགོ་འཛིན་མཛད་དེ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་གྲོས་ཚོགས་བསྡུས་པ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར་གྲོས་ཚོགས་བསྡུས་ཏེ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ཆེད་དོན་སློབ་སྦྱོང་དང་དེ་ལག་བསྟར་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། ཀྲུང་གུང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲང་ཏི་ཅང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་པ་མ་ཟད་གསུང་བཤད་གནང་། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པ་དེ་རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། བསམ་བློ་དང་བྱ་སྤྱོད་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་དུ་གཅིག་གྱུར་བྱེད་དགོས་པ་དང་། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག ཏང་གི་མགོ་ཁྲིད་ལ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་རང་ཁྱིམ་རང་བདག་དང་། ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་བྱ་བ་གཅིག་གྱུར་བཟང་བོ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་སྟེང་དུ་བསྐྱོད་དེ། ཀྲུང་གོའི་ཁྱད་ཆོིས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། ལོ་བརྒྱ་གཉིས་ཀྱི་འབད་བརྩོན་དམིགས་འབེན་མངོན་འགྱུར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་ཐད་ལ་ནུས་ཡོད་ཁྲིམས་སྐྱོང་འགན་སྲུང་བྱེད་དགོས་ཟེར།

    གྲོས་ཚོགས་ནས་བལྟས་ན། ཚང་འཛོམས་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་བྱ་བ་ཕྱོགས་ཡོངས་ནས་ཡར་སྐུལ་བྱེད་པའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཆོད་དོན་ལས། ཁྱོན་ཡོངས་དང་ཡུན་རིང་ལ་ཤུགས་བསྣན་པ་དང་། ལག་ལེན་ཉམས་མྱོང་སྤྱི་བསྡོམས་བྱས་པ། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་མཛུབ་སྟོན་བསམ་བློ་དང་། སྤྱིའི་དམིགས་འབེན། གཞི་རྩའི་རྩ་དོན། སྤྱིའི་བཀོད་སྒྲིག་དང་བྱེད་ཐབས་གལ་ཆེན་བཏོན་ཏེ། བསམ་བློ་རང་བཞིན་དང་མཛུབ་སྟོན་རང་བཞིན། དམིགས་ཡུལ་རང་བཞིན། བཀོལ་སྤྱོད་བྱེད་ཆོག་པའི་རང་བཞིན་ལྡན་པས། གནས་བབ་གསར་བའི་འོག་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་གལ་ཆེན་ཡིན་པས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་དང་ཐོན་ལས་ཐད་ལ་ཤུགས་རྐྱེན་གཏིང་ཟབ་པ་བཏོན་ཟེར།

    གྲོས་ཚོགས་ནས་ནན་གྱིས་བསྟན་དོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེས་མཐོའི་རྒྱལ་ཁབ་དབང་ཤུགས་ལས་ཁུངས་ཡིན་པའི་ཆ་ནས། ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་བྱ་བ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཁྲོད་དུ་འགན་འཁྲི་གལ་ཆེན་ཁུར་ཡོད་པས། འགན་ཁུར་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་པ་དང་། ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱེད་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཁྲིམས་ལྟར་འགན་དབང་ལག་བསྟར་བྱེད་པ་དང་། བྱ་བ་བཟང་བོར་སྤེལ་ནས། དམངས་འཐུས་ཚོགས་ཆེན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་ནུས་པ་གལ་ཆེན་གང་ལེགས་སྒོས་འདོན་སྤེལ་བྱེད་དགོས། ཁྲིམས་ལྟར་འགན་དབང་ལག་བསྟར་བྱེད་པ་དང་། བྱ་བ་སྤེལ་བའི་ཁྲོད་དུ་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་སྤེལ་དགོས་པ་དང་། ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་བྱེད་པ། ཁྲིམས་སྐྱོང་རིག་གནས་སྤེལ་ཏེ། སྤྱི་ཚོགས་ཡོངས་ནས་ཁྲིམས་སྐྱོང་ཁོར་ཡུག་ཅུང་བཟང་བོ་ཞིག་ཆགས་པར་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག