མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-26 10:45

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་བཞི་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཁྱབ་ཁོངས་གཙོ་བོའི་དངུལ་གཏོང་དངུལ་བསྡུའི་ནང་རྐྱེན་གསར་སྐྲུན་བྱས་ནས་སྤྱི་ཚོགས་ཡོངས་ལ་ཕན་ནུས་ལྡན་པའི་དངུལ་གཏོང་བྱེད་ས་རྒྱ་བསྐྱེད་རྒྱུ་ཐག་བཅད་པ་དང་། ལུའུ་ཏེན་ས་འགུལ་གནོད་ཐེབས་རྗེས་ཀྱི་སླར་གསོ་དང་བསྐྱར་འཛུགས་བྱ་བ་དང་གནོད་ཐེབས་ས་ཁུལ་དུ་ཁྱིམ་གཞི་གསར་བ་འཛུགས་སྐྲུན་བྱེད་པར་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། དངུལ་གཏོང་དངུལ་བསྡུའི་ནང་རྐྱེན་གསར་སྐྲུན་བྱས་ཏེ། ཁྱབ་ཁོངས་སྔར་ལས་མང་པོ་ནས་སྤྱི་ཚོགས་ཀྱིས་མ་དངུལ་གཏོང་བ་དང་ལྷག་པར་དུ་དམངས་ཁྲོད་ཀྱིས་མ་རྩ་འཇོག་པའི་སྒོ་མོ་ཡངས་བར་འབྱེད་པ་དང་། སྲིད་བསྡུ་དབང་གཏོང་བྱེད་ཐབས་གཞན་དག་དང་མཉམ་དུ་ཕྱོགས་བསྡུས་སྟོབས་ཤུགས་ཆགས་པར་བྱས་ཏེ། བཅོས་སྒྱུར་བྱེད་ཐབས་ལ་བརྟེན་ནས་ལུགས་མཐུན་མིན་པའི་སྒེར་སྡོམ་གཙང་སེལ་བྱེད་པ་དང་། ཁེ་དབང་འདྲ་མཉམ་དང་སྤྱི་ཚོགས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་བཅས་ཀྱི་དངུལ་གཏོང་ཁོར་ཡུག་གསར་སྐྲུན་བྱས་ནས། དངུལ་གཏོང་མཁན་ལ་འདྲ་མཉམ་འགྲན་རྩོད་ཁྲོད་དུ་ལུགས་མཐུན་ཁེ་ཕན་ཐོབ་ཏུ་འཇུག་པ་དང་། ཚོང་རའི་གསོན་ཤུགས་དང་འཕེལ་རྒྱས་ཀྱི་སྦས་ཤུགས་ཇེ་ཆེར་གཏོང་བར་སྟབས་བདེ་སྐྲུན་དགོས་ལ། དེང་སྐབས་དངུལ་གཏོང་སྒུལ་ཤུགས་མི་འདང་བའི་རྣམ་པ་ལེགས་བཅོས་བྱེད་པ་དང་བརྟན་འཇགས་དང་ཕན་ནུས་ལྡན་པའི་སྒོ་ནས་མ་དངུལ་གཏོང་བ་དང་། སྤྱི་བའི་ཐོན་རྫས་མཁོ་སྤྲོད་ནུས་པ་ཇེ་ཆེར་བཏང་ནས་བརྟན་འཇགས་སྒོས་འཕར་ཞིང་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང་དམངས་འཚོ་ལེགས་བཅོས་བྱེད་པ་བཅས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་ལུའུ་ཏེན་ས་འགུལ་གནོད་ཐེབས་རྗེས་ཀྱི་སླར་གསོ་དང་བསྐྱར་འཛུགས་སྤྱིའི་འཆར་འགོད་ལ་གྲོས་འཆམ་བྱུང་བར་མ་ཟད། ས་འགུལ་གནོད་འཚེའི་གཞི་ཁྱོན་དང་གནོད་ཐེབས་ས་ཁུལ་གྱི་དོན་དངོས་ལྟར། ཀྲུང་དབྱང་ནོར་སྲིད་ཀྱིས་སླར་གསོ་དང་བསྐྱར་འཛུགས་ཐད་ལ་མ་དངུལ་གྱིས་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། བསྐྱར་འཛུགས་མ་དངུལ་དེ་ཡུན་ནན་ཞིང་ཆེན་གྱིས་གཅིག་གྱུར་སྒོས་བཀོལ་སྤྱོད་བྱེད་དགོས། ཕྱོགས་བསྡུས་སྒོས་སྲིད་ཇུས་སྣ་ཚོགས་ལ་བརྟེན་ནས་གནོད་ཐེབས་ས་ཁུལ་གྱི་ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་ཚོང་ར་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱེད་པ་དང་། ས་གནས་སྲིད་གཞུང་གི་ཏང་དང་མང་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ལ། གནོད་ཐེབས་ས་ཁུལ་གྱི་དགུན་ཁའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ་དང་མཉམ་དུ་ཧུར་ཐག་སྒོས་ཐོན་སྐྱེད་རང་སྐྱོབ་དང་སྔར་ལས་མཛེས་པའི་ཁྱིམ་གཞི་གསར་བ་འཛུགས་སྐྲུན་བྱེད་རྒྱུ་གཏན་ཁེལ་བྱས།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག