མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཀྲུང་གོ་སྲིད་གཞུང་གིས་ཨ་ཧྥེ་རི་ཁ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཀྱི་ཨེ་པའོ་ལ་རིམས་ནད་འགོག་བཅོས་བྱེད་པའི་ཐད་ལ་སྐོར་བཞི་བའི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཁྱབ་སྒྲོག་མཛད།

ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-26 10:45

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་བཞི་ཉིན་པེ་ཅིན་ནས་ཐན་ཙན་ནི་ཡའི་ཙུང་ཐུང་ཅི་ཁོས་ཐི་ལ་མཇལ་འཕྲད་གནང་སྐབས་ཀྲུང་གོ་སྲིད་གཞུང་གིས་ཨ་ཧྥེ་རི་ཁ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཀྱི་ཨེ་པའོ་ལ་རིམས་ནད་འགོག་བཅོས་བྱེད་པའི་ཐད་ལ་སྐོར་བཞི་བའི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཁྱབ་སྒྲོག་མཛད།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཨ་ཧྥེ་རི་ཁ་ནུབ་ཕྱོགས་ས་ཁུལ་གྱི་ཨེ་པའོ་ལ་རིམས་ནད་མཆེད་ཡུན་རིང་བས། ཨ་ཧྥེ་རི་ཁ་གླིང་གི་མི་དམངས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། འཛམ་གླིང་ཡོངས་ཀྱི་སྤྱི་པའི་འཕྲོད་བསྟེན་བཅས་ཐད་ལ་འཇིགས་སྣང་ཚབས་ཆེན་སྐུལ། ཨེ་པའོ་ལ་རིམས་ནད་བྱུང་རྗེས། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་རིམས་ནད་བྱུང་སའི་རྒྱལ་ཁབ་ཀྱི་མི་དམངས་ལ་འདང་བརྒྱབ་སྟེ། རྒྱལ་སྤྱིའི་སྟེང་ཐོག་མར་བྲེལ་མྱུར་རོགས་སྐྱོར་བྱ་སྤྱོད་སྤེལ་ནས། འབྲེལ་ཡོད་རྒྱལ་ཁབ་ལ་སྔ་གཞུག་ཏུ་རོགས་སྐྱོར་སྐོར་གསུམ་བྱས། དེང་སྐབས་ཨེ་པའོ་ལ་རིམས་ནད་ཀྱི་གནས་ཚུལ་དང་རིམས་ནད་བྱུང་སའི་རྒྱལ་ཁབ་ཀྱི་དགོས་མཁོར་དམིགས་ནས། ཀྲུང་གོ་སྲིད་གཞུང་གིས་སྐོར་བཞི་བའི་བྲེལ་མྱུར་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ལ། ལི་པི་ཡ་དང་སི་ར་ལ་ཨོང་། ཀི་ནེ་ཡ་བཅས་རྒྱལ་ཁབ་གསུམ་དང་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ལ་ཡང་བསྐྱར་མི་དམངས་ཤོག་སྒོར་དུང་ཕྱུར་ལྔའི་མྱུར་མཁོའི་དངོས་རྫས་འདོན་སྤྲོད་བྱེད་རྒྱུ་དང་། ཀྲུང་གོའི་རིམས་འགོག་ཆེད་མཁས་པ་དང་སྨན་བཅོས་མི་སྣ་སྔར་ལས་མང་པོ་མངག་རྒྱུ་ཡིན་པར་མ་ཟད། ལི་པི་ཡ་ནས་ཨེ་པའོ་ལ་རིམས་ནད་འགོག་བཅོས་ལྟེ་གནས་ཤིག་འཛུགས་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་ཧུར་ཐག་སྒོས་མཉམ་ལས་བྱས་ཏེ། རིམས་ནད་བྱུང་སའི་རྒྱལ་ཁབ་ཀྱིས་སྔ་མོ་ནས་ཨེ་པའོ་ལ་རིམས་ནད་ལས་རྣམ་པར་རྒྱལ་བར་རོགས་རམ་བྱེད་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག