མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས་ལ་སྤྱི་ཚོགས་ཐོག་ལན་ཆ་དྲག་པོ་བྱུང་བ།

མིག་དམར་རྒྱལ་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-25 10:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་ཞེས་པ་དེ་སྔ་ན་མེད་པའི་མཐོ་ཚད་དང་ཟབ་ཚད་ཐོག་ནས་མཇུག་འགྲིལ་མ་ཐག་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས་ནང་ཐོན་ཡོད་པ་རེད།

སྤྱི་བསྒྲགས་དེ་ཁྱབ་བསྒྲགས་བྱས་མ་ཐག་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་དོ་སྣང་ཆེན་པོ་དང་ལན་ཆ་དྲག་པོ་བྱས་ཡོད་པ་དང་། དོན་ངོ་མའི་དེང་རབས་ཅན་གྱི་ཁྲིམས་སྐྱོང་ཀྲུང་གོ་ཞིག་ང་ཚོའི་ཉེ་བར་བཅར་བཞིན་ཡོད་ཅེས་བརྗོད་པ་དང་། ཁོ་ཚོའི་སེམས་རྩ་འཁོལ་བའི་སྐད་ཆ་ལས་ཀྲུང་གོ་བའི་རེ་འདུན་དྲག་པོ་མཚོན་གྱི་ཡོད་པ་རེད།

ཀྲུང་དབྱང་ནོར་དཔལ་སློབ་གྲྭ་ཆེན་མོའི་ཁྲིམས་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་བ་དབྱི་ཧྥེ་ཡིས། ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་པའི་ཏང་གི་འགོ་ཁྲིད་ནི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་གི་ཆེས་རྩ་བའི་འགན་སྲུང་ཞིག་ཡིན་ཞེས་པ་དེས། ཏང་གི་འགོ་ཁྲིད་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འབྲེལ་བ་རྒྱས་བཤད་ཞིབ་ཕྲ་བྱས་པ་དང་། གལ་ཆེའི་བརྗོད་དེར་ལན་རྒྱབ་ཡོད། སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་གིས་ངེས་པར་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱ་དགོས་པ་དང་། ཏང་གི་འགོ་ཁྲིད་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་ལ་བརྟེན་དགོས། དེ་ལྟར་བྱས་ན་དེ་གཉིས་ཀྱི་འབྲེལ་བ་གསལ་པོ་ཆགས་རྒྱུ་རེད། དེ་ཡང་གཅིག་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྒྱབ་ལྗོངས་ཆེན་མོའི་འོག རང་རེའི་ཏང་གིས་རྒྱལ་སྐྱོང་སྲིད་འཛིན་བྱེད་སྐབས་ཁྲིམས་སྐྱོང་གི་ཐབས་ལམ་བརྒྱུད་དགོས་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་བྱེད་སྒོ་སྤེལ་དགོས་ཤིང་། ང་ཚོའི་ཁྲིམས་སྐྱོང་མངོན་འགྱུར་ཐུབ་པ་བྱ་དགོས། ཕྱོགས་གཞན་ཞིག་ནས་བཤད་ན། སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་གིས་ངེས་པར་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱ་དགོས། དེ་ལྟར་བྱས་ན་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་གི་ཁ་ཕྱོགས་འགན་སྲུང་ཐུབ་ཅེས་གསུངས་འདུག

ཁྲིམས་རིག་པ་མཁས་ཅན། ཀྲུང་གོ་མི་དམངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བ་གྲེན་ཝི་ཏུང་གིས། ཁྲིམས་ལྟར་རང་ཚུགས་དང་གཞུང་དྲང་སྒོ་ནས་འདྲི་གཅོད་དབང་ཆ་དང་ཞིབ་དཔྱོད་དབང་ཆ་ལག་བསྟར་བྱེད་པར་འགན་སྲུང་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་པ་དེ་ནི། ཐེངས་འདིའི་སྤྱི་བསྒྲགས་ཐོག་གི་བརྗོད་གཞི་གསར་པ་ཞིག་རེད། ཀྲུང་དབྱང་གིས་ཁྲིམས་འཛིན་བཏང་སྙོམས་དེ་གལ་ཆེན་པོར་འཛིན་བཞིན་ཡོད་པ་དང་། དེ་ནི་རྒྱལ་ཁབ་དང་སྤྱི་ཚོགས་གཞུང་དྲང་གི་རྨང་གཞིར་ངོས་འཛིན་བྱེད་ཀྱི་ཡོད། ཁྲིམས་ལྟར་རང་ཚུགས་དང་གཞུང་དྲང་སྒོ་ནས་འདྲི་གཅོད་དབང་ཆ་དང་ཞིབ་དཔྱོད་དབང་ཆ་ལག་བསྟར་བྱེད་པར་འགན་སྲུང་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བའི་ནང་། ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་ལས་རིགས་ཅན་ལ་བསྒྱུར་རྒྱུ་ནན་བཤད་བྱས་པ་དང་། དབང་ཆ་དེ་ལག་བསྟར་བྱ་རྒྱུའི་ནན་བཤད་བྱས་པ། ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་གྱི་གཙོ་གཟུགས་གོ་གནས་འགན་འཁྲི་དང་འོས་འགན་ནན་བཤད་བྱས་པ། ལྷག་པར་དུ་མི་དམངས་ཞིབ་དཔྱོད་ཁང་ནང་ཁུལ་གྱི་ཡོངས་བསྒྲགས་དང་ཁ་གསལ་གྱི་གཏུགས་བཤེར་སྒྲིག་གཞི་ནན་བཤད་བྱས་ཡོད་ཅེས་གསུངས་འདུག  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག