མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྤྱི་སྒྲོག

ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-25 10:29

 十八届四中全会在京举行.jpg

ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ 2014ལོའི་ཟླ་བཅུ་བའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གསུམ་ཉིན་བར་པེ་ཅིན་ནས་བསྡུས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་།

十八届四中全会在京举行1.jpg

ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་2014ལོའི་ཟླ་བཅུ་བའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གསུམ་ཉིན་བར་པེ་ཅིན་ནས་བསྡུས། ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏེ་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད།

十八届四中全会在京举行2.jpg

ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་2014ལོའི་ཟླ་བཅུ་བའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གསུམ་ཉིན་བར་པེ་ཅིན་ནས་བསྡུས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དེ་2014ལོའི་ཟླ་བཅུ་བའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གསུམ་ཉིན་བར་པེ་ཅིན་ནས་བསྡུས། ད་ལྟ་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྤྱི་སྒྲོག་ཁ་ཚང་དུ་བཤད་རྒྱུ།

    ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྤྱི་སྒྲོག་ལ་2014ལོའི་ཟླ་བཅུ་བའི་ཚེས་ཉེར་གསུམ་ཉིན་གྱི་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་གྲོས་འཆམ་བྱུང་།

    ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དེ་2014ལོའི་ཟླ་བཅུ་བའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གསུམ་ཉིན་བར་པེ་ཅིན་ནས་བསྡུས།

    ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པའི་ཀྲུང་དབྱང་ཨུ་ཡོན་བརྒྱ་དང་གོ་དགུ་དང་། ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་བརྒྱ་དང་རེ་བཞི་ཡོད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་ཕྱོིགས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་གྱི་བློ་མཐུན་དང་ཆེད་མཁས་པ། རིག་གནས་པ་བཅས་ཁ་ཤས་ཀྱང་གྲོས་ཚོགས་ལ་ཟུར་ཞུགས་བྱས།

    ཚང་འཛོམས་གྲོས་ཚོགས་ལ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་མགོ་འཛིན་བྱས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་།

    ཚང་འཛོམས་གྲོས་ཚོགས་སྟེང་ཞི་ཅིན་ཕེན་གྱིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་མངག་བཅོལ་དང་དུ་བླངས་ནས་ཕུལ་བའི་བྱ་བའི་སྙན་ཞུ་ལ་ཉན་པ་དང་གྲོས་བསྡུར་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཆོད་དོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཞི་ཅིན་ཕེན་གྱིས་ཆོད་དོན་གྲོས་བསྡུར་མ་ཡིག་ཐད་ནས་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་མཛད།

    ཚང་འཛོམས་གྲོས་ཚོགས་སྟེང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བྱ་བར་ཁས་ལེན་གང་ལེགས་བྱས། ཚོགས་ཐོག་ནས་གཅིག་གྱུར་སྒོས་བལྟས་ན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་ལ། རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་ཞིང་། རྒྱལ་ནང་གི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་ལས་འགན་ཧ་ཅང་ལྗིད། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་ཐེངས་གཉིས་པ། ཐེངས་གསུམ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང་། ཏིན་ཞོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས། རྒྱལ་ནང་དང་རྒྱལ་སྤྱིའི་ཆེ་ཕྱོགས་གཉིས་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ། བརྟན་འཇགས་ཁྲོད་ཡར་ཐོན་བརྩོན་ལེན་བྱེད་པའི་བྱ་བ་གཙོ་བོ་དམ་པོར་བཟུང་ནས། འཐབ་ཇུས་ཀྱི་གོ་གནས་རྒྱུན་འཁྱོངས་བྱེད་པ་དང་། བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས་ཏེ། བསམ་བློ་དང་ལམ་ལུགས་ཀྱི་ཐད་ནས་བཅོས་བསྒྱུར་དང་འཕེལ་རྒྱས། བརྟན་འཇགས། ནང་སྲིད་དང་ཕྱི་འབྲེལ། རྒྱལ་སྲུང་། ཏང་སྐྱོང་དང་རྒྱལ་སྐྱོང་། དམག་སྐྱོང་བཅས་སྐོར་གྱི་འཐབ་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན། ཡུན་རིང་རང་བཞིན་གྱི་གནད་དོན་ཇུས་འགོད་བྱས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་དང་བསྟུན་ནས། ཆེ་ཕྱོགས་ནས་སྙོམས་སྒྲིག་དང་ཚོད་འཛིན་བྱེད་པའི་བསམ་ཕྱོགས་དང་བྱེད་སྟངས་གསར་སྐྲུན་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དཀའ་གནད་ཧུར་ཐག་སྒོས་ཐག་གཅོད་བྱས་ཏེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་དམངས་འཚོར་ཁག་ཐེག་དང་ལེགས་བཅོས་བྱས་ནས། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་བྱ་བ་ཕལ་ཆེར་ཡོངས་འགྲུབ་བྱས། རུལ་སུངས་ལ་བློ་བརྟན་འགྱུར་མེད་སྒོས་ངོ་རྒོལ་བྱས་ནས། ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ནུས་ཡོད་སྒོས་ཁ་གཏད་འཇལ་བ་དང་། ཕྱོགས་སོ་སོའི་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་བླངས་པར་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་གཏོད་བྱས་ཡོད་པར་སྙམ།

    ཚང་འཛོམས་གྲོས་ཚོགས་སྟེང་དུས་ཡུན་རིང་བོའི་ཚུན་དང་ཁྱད་པར་དུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་གྱི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་བྱས་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཞིབ་འཇུག་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ། བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བ། ཏང་གི་སྲིད་འཛིན་ནུས་པ་དང་སྲིད་འཛིན་ཆུ་ཚད་མཐོར་འདེགས་སུ་གཏོང་བ་བཅས་བྱེད་དགོས་ན་ངེས་པར་དུ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་བསྟན།

    ཚང་འཛོམས་གྲོས་ཚོགས་སྟེང་བསྟན་དོན། གནས་བབ་གསར་བ་དང་ལས་འགན་གསར་བའི་མདུན་དུ་ང་ཚོ་ཏང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་ཆེ་ཕྱོགས་གཉིས་ལ་སྔར་ལས་གཅིག་གྱུར་སྒོས་འཆར་འགོད་བཟང་བོ་བྱེད་པ་དང་། རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ལ་སྔར་ལས་སྲུང་སྐྱོབ་དང་བཀོལ་སྤྱོད་བཟང་བོ་བྱེད་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྔར་ལས་འཆར་འགོད་བཟང་བོ་བྱེད་པ་དང་། སྤྱི་ཚོགས་ཀྱི་ཁེ་ཕན་དོ་མཉམ་ཡོང་བར་བྱེད་པ། སྤྱི་ཚོགས་ཀྱི་འབྲེལ་བ་མཐུན་སྦྱོར་ཡོང་བར་བྱེད་པ། སྤྱི་ཚོགས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས། རང་རྒྱལ་གྱི་སྤྱི་ཚོགས་དེ་གསར་བཅོས་ཆེན་པོའི་ཁྲོད་གསོན་ཤུགས་རྒྱས་ཤིང་གོ་རིམ་ལྡན་པར་བྱས་ཏེ། སྤྱི་ཚོགས་འཕེལ་རྒྱས་དང་ཆབ་སྲིད་དག་གཙང་། རིག་གནས་དར་རྒྱས། སྤྱི་ཚོགས་དྲང་བདེན། སྐྱེ་ཁམས་བཟང་བ་བཅས་མངོན་འགྱུར་བྱེད་དགོས་ལ། རང་རྒྱལ་གྱི་ཞི་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་འབེན་མངོན་འགྱུར་བྱེད་དགོས་ན་ངེས་པར་དུ་ཁྲིམས་སྐྱོང་སྣེ་ཁྲིད་དང་ཚད་ལྡན་གྱི་ནུས་པ་སྔར་ལས་འདོན་སྤེལ་བཟང་བོ་བྱེད་དགོས་ཟེར། 

    ཚང་འཛོམས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཕྱོགས་ཡོང་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་ན། ངེས་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོར་པོར་བསྒྲེངས་ཏེ། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིན་ཞོ་ཕེན་གྱི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་འཛིན་ཞིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཏང་གིས་མགོ་ཁྲིད་པ་དང་མི་དམངས་ཀྱི་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་དང་གཅིག་གྱུར་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་དགོས་ལ། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་བགྲོད་ལམ་དུ་སྐྱོད་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་རྦད་ཆོད་སྒོས་སྲུང་སྐྱོབ་བྱེད་དགོས་པར་མ་ཟད། ཁྲིམས་ལྟར་མི་དམངས་ཀྱི་ཁེ་དབང་དང་སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན། རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་འཇགས་བཅས་སྲུང་སྐྱོབ་བྱས་ནས། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་དང་ལྡན་པའི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

    ཚང་འཛོམས་གྲོས་ཚོགས་སྟེང་བསྟན་དོན། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུ་དེ་ཡིན། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་གཞུང་ལག་བསྟར་བྱས་ཏེ། ཆ་ཚང་བའི་བཅའ་ཁྲིམས་ཚད་ལྡན་མ་ལག་དང་ཕན་འབྲས་མཐོ་བའི་ཁྲིམས་སྐྱོང་ལག་བསྟར་མ་ལག  གཟབ་ནན་ཡིན་པའི་ཁྲིམས་སྐྱོང་ལྟ་རྟོག་མ་ལག  ནུས་པ་ལྡན་པའི་ཁྲིམས་སྐྱོང་འགན་སྲུང་མ་ལག་བཅས་ཆགས་པར་བྱེད་དགོས་ལ། འཐུས་ཚང་ཡིན་པའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་ཆགས་པར་བྱེད་དགོས། ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་དང་ཁྲིམས་ལྟར་སྲིད་སྐྱོང་བ། ཁྲིམས་ལྟར་སྲིད་འཛིན་པ་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་འཛུགས་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། ཚན་རིག་དང་མཐུན་པར་ཁྲིམས་འཛུགས་ཤིང་ཁྲིམས་སྐྱོང་ནན་མོ་བྱེད་པ་དང་། འདྲ་མཉམ་ཁྲིམས་འཛིན། དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་བཅས་མངོན་འགྱུར་བྱས་ནས། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། སྤྱིའི་དམིགས་འབེན་དེ་མངོན་འགྱུར་བྱེད་ན་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་གཙོར་འཛིན་པའི་གོ་གནས་རྒྱུན་འཁྱོངས་བྱེད་པ། བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་དང་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་དོན་དངོས་གཞིར་འཛིན་པ་རྒྱུན་འཁྱོངས་བྱེད་དགོས་ཟེར།

    ཚང་འཛོམས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཏང་གི་མགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་གཙོ་བོའི་ཁྱད་ཆོས་ཡིན་པ་དང་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་གི་ཆེས་རྩ་བའི་ཁག་ཐེག་ཡིན། ཏང་གི་མགོ་ཁྲིད་དེ་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་བརྒྱུད་རིམ་ཡོངས་དང་ཕྱོགས་སོ་སོ་རུ་ལག་བསྟར་བྱེད་དགོས་པ་དང་དེ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་གཞི་རྩའི་ཉམས་མྱོང་ཞིག་ཡིན། རང་རྒྱལ་གྱི་རྩ་ཁྲིམས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་གོ་གནས་གཏན་ལ་ཕབ། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་གི་རྩ་བའི་རེ་བ་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་རྩ་བའི་གཞིར་རྩ་ཡིན་པ་དང་སྲོག་རྩ་ཡང་ཡིན་པར་མ་ཟད། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཁེ་ཕན་དང་བདེ་སྐྱིད་ལ་འབྲེལ་བ་ཡོད་པ་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བར་འདོར་ཐབས་མེད་པའི་འོས་འགན་ཡིན། ཏང་གི་མགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་གཉིས་ནི་གཅིག་གྱུར་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་གིས་ངེས་པར་དུ་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཏང་གི་མགོ་ཁྲིད་ཀྱིས་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་ལ་བརྟེན་དགོས། ཏང་གི་མགོ་ཁྲིད་འོག་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་སྐྱོང་ལག་བསྟར་ནན་མོ་བྱས་ན་ད་གཟོད་མི་དམངས་ཀྱི་རང་ཁྱིམ་རང་བདག་བྱེད་པ་མངོན་འགྱུར་བྱེད་ཐུབ་པ་དང་། རྒྱལ་ཁབ་དང་སྤྱི་ཚོགས་འཚོ་བ་ཁྲིམས་སྐྱོང་ཅན་དུ་བསྒྱུར་བར་གོ་རིམ་ཡོད་པའི་སྒོ་ནས་ལག་བསྟར་བྱེད་ཐུབ། ཁྲིམས་ལྟར་སྲིད་འཛིན་སྐབས་ཏང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ལྟར་ཁྲིམས་སྐྱོང་སྲིད་འཛིན་བྱེད་དགོས་པ་དང་ཏང་གིས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལྟར་ཏང་ལ་དོ་དམ་དང་ཏང་ལ་བཅོས་སྐྱོང་ནན་མོ་བྱེད་དགོས་ཟེར།

    ཚང་འཛོམས་གྲོས་ཚོགས་སྟེང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་ལས་འགན་གཙོ་བོ་གསལ་བོར་བསྟན་ཡོད། དེ་ནི་རྩ་ཁྲིམས་སྲོག་ཤིང་ཡིན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་བཏང་ནས་རྩ་ཁྲིམས་ལག་བསྟར་བྱེད་པར་ཤུགས་སྣོན་པ་དང་། ཁྲིམས་ལྟར་སྲིད་འཛིན་པར་སྐུལ་འདེད་བཏང་ནས་ཁྲིམས་སྐྱོང་སྲིད་གཞུང་མྱུར་དུ་འཛུགས་སྐྲུན་བྱེད་དགོས་ལ། འདྲ་མཉམ་ཁྲིམས་འཛིན་ཁག་ཐེག་བྱས་ནས་ཁྲིམས་འཛིན་གྱི་ཡིད་ཆེས་ནུས་པ་ཇེ་ཆེར་གཏོང་དགོས་པ་དང་། དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ལ། ཁྲིམས་སྐྱོང་བྱ་བའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཏང་གིས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་མགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱེད་རྒྱུ་དེ་ཡིན།

    ཚང་འཛོམས་གྲོས་ཚོགས་སྟེང་བསྟན་དོན། བཅའ་ཁྲིམས་ནི་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་བཅའ་ཁྲིམས་བཟང་བོ་ནི་བཅོས་སྐྱོང་བཟང་བོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་ན། ངེས་པར་དུ་ཁྲིམས་འཛུགས་པ་དང་ཁྲིམས་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་འཛུགས་ཀྱི་སྣེ་ཁྲིད་དང་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ཁྲིམས་འཛུགས་སྤུས་ཚད་ཇེ་མཐོར་གཏོང་བའི་གནད་འགག་དམ་འཛིན་བྱེད་དགོས། མི་དམངས་གཙོར་འཛིན་པ་དང་དམངས་ཀྱི་དོན་དུ་ཁྲིམས་འཛུགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་བྱས་ནས། ཁྲིམས་འཛུགས་པ་མཐའ་དག་རྩ་ཁྲིམས་ཀྱི་དགོངས་དོན་དང་མཐུན་དགོས་ལ། མི་དམངས་ཀྱི་འདོད་བློ་མཚོན་པར་བྱེད་པར་བྱེད་པ་དང་མི་དམངས་ཀྱི་གོང་བཀུར་ཐོབ་ཏུ་འཇུག་དགོས། འདྲ་མཉམ་དང་དྲང་བདེན། མངོན་གསལ་བཅས་ཀྱི་རྩ་དོན་དེ་ཁྲིམས་འཛུགས་ཀྱི་བརྒྱུད་རིམ་ཡོངས་སུ་ལག་བསྟར་བྱས་ཏེ། ཁྲིམས་འཛུགས་སྒྲིག་སྲོལ་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་ཁྲིམས་འཛུགས་དང་བཅོས་སྒྱུར། འགྲེལ་བཤད་བཅས་མཉམ་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་དུས་ཐོག་རང་བཞིན་དང་གོ་རིམ་རང་བཞིན། དམིགས་ཡུལ་རང་བཞིན། ཕན་ནུས་རང་བཞིན་བཅས་ཇེ་དྲག་ཏུ་གཏོང་དགོས། ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱེད་སྐབས་ཐོག་མར་རྩ་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཁྲིམས་ལྟར་སྲིད་འཛིན་པ་རྒྱུན་འཁྱོངས་བྱེད་སྐབས་ཐོག་མར་རྩ་ཁྲིམས་ལྟར་སྲིད་འཛིན་པ་རྒྱུན་འཁྱོངས་བྱེད་དགོས། རྩ་ཁྲིམས་ལག་བསྟར་དང་ལྟ་རྟོག་ལམ་ལུགས་ཆ་ཚང་དུ་གཏོང་དགོས་པ་དང་། རྒྱལ་ཡོངས་དམངས་ཆེན་དང་དེ་མིན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྩ་ཁྲིམས་ལྟ་རྟོག་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ལ། རྩ་ཁྲིམས་ཀྱི་འགྲེལ་བཤད་གོ་རིམ་ནང་རྐྱེན་ཆ་ཚང་དུ་གཏོང་དགོས། ཁྲིམས་འཛུགས་སྒྲིག་སྲོལ་འཐུས་ཚང་དུ་གཏོང་ན་ཏང་གི་ཁྲིམས་འཛུགས་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་དགོས་པ་དང་། ཏང་གིས་ཁྲིམས་འཛུགས་བྱ་བའི་ཁྲོད་ཀྱི་གནད་དོན་གལ་ཆེན་ཐད་བཏོན་པའི་ཐབས་ཇུས་གོ་རིམ་འཐུས་ཚང་དུ་གཏོང་དགོས་ལ། ཁྲིམས་འཛུགས་དབང་ཆ་ཡོད་པའི་དམངས་ཆེན་གྱི་གཙོ་ཁྲིད་ཁྲིམས་འཛུགས་བྱ་བའི་སྒྲིག་སྲོལ་ནང་རྐྱེན་ཆ་ཚང་དུ་གཏོང་དགོས་པར་མ་ཟད། ཁྲིམས་ལྟར་ས་ཁུལ་བཙུགས་པའི་གྲོང་ཁྱེར་དང་ས་གནས་ཀྱི་ཁྲིམས་འཛུགས་དབང་ཆ་གནང་དགོས། ཚན་རིག་དང་མཐུན་པར་ཁྲིམས་འཛུགས་པ་དང་དམངས་གཙོའི་ཁྲིམས་འཛུགས་ལ་སྐུལ་འདེད་བཏང་ནས། ཁྲིམས་འཛུགས་ལས་གཞི་བསྡུ་བ་དང་རིགས་གཞུང་བདེན་དབང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་འཛུགས་ལས་ཁུངས་ཀྱིས་གཙོ་ཁྲིད་པ་དང་སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་ཞུགས་པའི་ཁྲིམས་འཛུགས་བྱ་བའི་ཐབས་ལམ་དང་རྣམ་པ་ཆ་ཚང་དུ་གཏོང་དགོས་པར་མ་ཟད་སྤྱི་དམངས་རྣམས་ཞུགས་པའི་ཁྲིམས་འཛུགས་ཐབས་ལམ་རྒྱ་བསྐྱེད་དགོས། ཁྱབ་ཁོངས་གཙོ་བོའི་ཁྲིམས་འཛུགས་ལ་ཤུགས་བསྣན་ཏེ་ཁེ་དབང་འདྲ་མཉམ་དང་གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་བཅས་ཡིན་པའི་བཅའ་ཁྲིམས་ལམ་ལུགས་མགྱོགས་མྱུར་སྒོས་འཐུས་ཚང་དུ་བཏང་ནས། སྤྱི་དམངས་ཀྱི་མི་ཚེའི་དབང་ཆ་དང་རྒྱུ་ནོར་དབང་ཆ། གཞི་རྩའི་ཆབ་སྲིད་ཁེ་དབང་སོགས་ཁེ་དབང་སྣ་ཚོགས་ལ་གནོད་མི་ཐེབས་པ་ཁག་ཐེག་བྱེད་པ་དང་སྤྱི་དམངས་ཀྱི་དཔལ་འབྱོར་དང་རིག་གནས། སྤྱི་ཚོགས་སོགས་ཕྱོགས་སོ་སོའི་ཁེ་དབང་དངོས་འབེབས་བྱེད་པར་འགན་སྲུང་བྱེད་དགོས། ཁྲིམས་འཛུགས་མངོན་འགྱུར་དང་བཅོས་སྒྱུར་ཐབས་ཇུས་འབྲེལ་མཐུད་བྱས་ཏེ། བཅོས་སྒྱུར་ཆེན་པོར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པ་དང་། ཁྲིམས་འཛུགས་ན་རང་འགུལ་གྱིས་བཅོས་སྒྱུར་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པར་བྱེད་དགོས་ཟེར།

    ཚང་འཛོམས་གྲོས་ཚོགས་སྟེང་བསྟན་དོན། བཅའ་ཁྲིམས་ཀྱི་གསོན་ཤུགས་དེ་ལག་བསྟར་བྱེད་པར་རག་ལས་པ་དང་། བཅའ་ཁྲིམས་ཀྱི་དབང་གྲགས་ཀྱང་ལག་བསྟར་བྱེད་པར་རག་ལས་ཡོད་པས། རིམ་པ་སོ་སོའི་སྲིད་གཞུང་གིས་ངེས་པར་དུ་ཏང་གི་མགོ་ཁྲིད་འོག་རྒྱུན་འཁྱོངས་དང་། ཁྲིམས་སྐྱོང་གི་བགྲོད་ལམ་སྟེང་དུ་བྱ་བ་བསྒྲུབ་སྟེ། འགན་ནུས་ཚན་རིག་དང་། འགན་འཁྲི་གཏན་ཁེལ། ཁྲིམས་བསྟར་ནན་མོ། དྲང་བདེན་དྲང་བཞག་བཅས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་ཞིག་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་དགོས། ཁྲིམས་ལྟར་སྲིད་གཞུང་གི་འགན་ནུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ལས་ཁུངས་དང་འགན་ནུས། དབང་ཚད། ཆུ་ཚད། འགན་འཁྲི་བཅས་བཅའ་ཁྲིམས་ཅན་དུ་བཏང་སྟེ། སྲིད་གཞུང་གི་དབང་ཤུགས་གཙང་བཤེར་བྱེད་པའི་ལམ་ལུགས་ལ་ཡར་སྐུལ་བྱེད་དགོས། ཁྲིམས་ལྟར་ཇུས་ཆོད་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས་པ་དང་། སྤྱི་དམངས་ཞུགས་པ་དང་ཆེད་མཁས་པའི་བདེན་དཔང་། ཉེན་ཁར་དཔྱད་འཇོག ཁྲིམས་མཐུན་ཞིབ་བཤེར། ཐུན་མོང་གྲོས་བསྡུར་བཅས་བྱས་ནས་སྲིད་འཛིན་ཇུས་ཆོད་གལ་ཆེན་བཅའ་ཁྲིམས་ཅན་གྱི་གོ་རིམ་གཏན་ལ་ཕབ་པ། སྲིད་འཛིན་ལས་ཁུངས་ནང་ཁུལ་ནས་ཇུས་ཆོད་གལ་ཆེན་གྱི་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་ནང་རྐྱེན་འཛུགས་དགོས། ཇུས་ཆོད་གལ་ཆེན་མི་ཚེ་གང་བོའི་འགན་འཁྲི་རྩད་གཅོད་ལམ་ལུགས་དང་དེ་མིན་འགན་འཁྲི་ཞིབ་བཤེར་ནང་རྐྱེན་འཛུགས་དགོས། སྲིད་འཛིན་ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་བྱ་བ་གཏིང་ཟབ་དུ་སྤེལ་བ་དང་། སྲིད་འཛིན་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན་འབྲེལ་མཐུད་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། དྲང་བདེན་དཔལ་ཡོན་གྱི་ཁྲིམས་འཛིན་བྱ་བ་གཟབ་ནན་དང་ཚད་ལྡན་དུ་གཏོང་བའི་བྱ་བ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་ལྟར་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་ཆད་པ་གཅོད་པ། མང་ཚོགས་ཀྱི་ཁེ་ཕན་དངོས་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་ཀྱི་ཁྲིམས་འཛིན་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། སྲིད་འཛིན་དབང་ཚད་གཞི་རྩའི་ཚད་གཞི་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཕྱོགས་ཡོངས་ནས་སྲིད་འཛིན་ཁྲིམས་འཛིན་འགན་འཁྲི་ལམ་ལུགས་དངོས་འབེབས་བྱེད་དགོས། སྲིད་འཛིན་དབང་ཤུགས་ཀྱི་བཀག་རྒྱ་དང་ལྟ་ཞིབ་བྱ་བ་ཇེ་དྲག་ཏུ་གཏོང་དགོས་པ་དང་། འགན་འཁྲི་ཡོ་བསྲང་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ཕྱོགས་ཡོངས་ནས་སྲིད་དོན་ཡོངས་བསྒྲགས་བྱ་བར་ཡར་སྐུལ་བྱེད་པ་དང་། མངོན་གསལ་ནི་རྒྱུན་ལྡན་དང་། མངོན་གསལ་མིན་པ་རྒྱུན་ལྡན་མིན་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། ཇུས་ཆོད་ཡོངས་བསྒྲགས་དང་། ལག་བསྟར་ཡོངས་བསྒྲགས། དོ་དམ་ཡོངས་བསྒྲགས། ཞབས་ཞུ་ཡོངས་བསྒྲགས། མཇུག་འབྲས་ཡོངས་བསྒྲགས་བཅས་ཀྱི་བྱ་བར་ཡར་སྐུལ་བྱེད་དགོས།

    ཚང་འཛོམས་གྲོས་ཚོགས་སྟེང་བསྟན་དོན། དྲང་བདེན་ནི་ཁྲིམས་སྐྱོང་གི་སྲོག་རྩ་ཡིན། ཁྲིམས་འཛིན་དྲང་བདེན་དེ་སྤྱི་ཚོགས་དྲང་བདེན་ཡོང་བར་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ལྡན། ཁྲིམས་འཛིན་དྲང་བདེན་མིན་ཚེ་སྤྱི་ཚོགས་དྲང་བདེན་ཡོང་བར་གཏོར་བརླག་གི་ནུས་པ་ཐོན་ངེས་པས། ངེས་པར་དུ་ཁྲིམས་འཛིན་དོ་དམ་སྒྲིག་སྲོལ་དང་ཁྲིམས་འཛིན་དབང་ཤུགས་འཁོར་སྐྱོད་ནང་རྐྱེན་འཐུས་ཚང་དུ་བཏང་ནས། ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས་པ་དང་། ཁྲིམས་འཛིན་བྱ་འགུལ་གྱི་ལྟ་སྐུལ་བྱ་བར་ཤུགས་བསྣན་ནས། མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞིའི་ཁྲོད་ནས་དྲང་བདེན་དྲང་བཞག་ཡོང་བར་བྱེད་དགོས། ཁྲིམས་ལྟར་འདྲི་གཅོད་དབང་ཆ་དང་ཞིབ་དཔྱོད་དབང་ཆ་སྒེར་ཚུགས་དང་དྲང་བདེན་གྱིས་ལག་བསྟར་བྱེད་པའི་ལམ་ལུགས་འཛུགས་པའི་བྱ་བར་འཐུས་ཚང་དང་འགན་སྲུང་བྱས་ནས། མགོ་ཁྲིད་ལས་བྱེད་པས་ཁྲིམས་འཛིན་བྱ་འགུལ་ལ་ཐེ་གཏོགས་དང་གྱོད་གཞིར་ཐེ་གཏོགས་བྱས་ནས་ཐག་བཅད་པའི་གྱོད་གཞིའི་ཟིན་ཐོ་དང་། ཡོངས་བསྒྲགས། འགན་འཁྲི་རྩད་གཅོད་པའི་ལམ་ལུགས་འཛུགས་དགོས་པ་དང་། ཁྲིམས་འཛིན་མི་སྣས་བཅའ་ཁྲིམས་འགན་འཁྲི་ལག་བསྟར་བྱེད་པའི་སྲུང་སྐྱོབ་ནང་རྐྱེན་འཛུགས་དགོས། ཁྲིམས་འཛིན་འགན་དབང་བཀོད་སྒྲིག་བྱ་བ་ཇེ་ལེགས་སུ་གཏོང་བ་དང་། འདྲི་གཅོད་དབང་ཆ་དང་ལག་བསྟར་དབང་ཆ་གཉིས་སོ་སོར་ཡིན་པའི་སྒྲིག་སྲོལ་བཅོས་སྒྱུར་ཚོད་ལྟ་བྱེད་པར་ཡར་སྐུལ་བྱེད་པ། ཆེས་མཐོའི་མི་དམངས་ཁྲིམས་ཁང་ནས་སྐོར་ཞིབ་ཁྲིམས་ཁང་བཙུགས་ནས། སྲིད་འཛིན་ས་ཁོངས་བརྒལ་བའི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་འཛུགས་པར་འཚོལ་ཞིབ་བྱེད་དགོས་པ་དང་། ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་ལམ་ལུགས་འཛུགས་པར་འཚོལ་ཞིབ་བྱེད་དགོས། ཁྲིམས་འཛིན་བྱ་བར་གཟབ་ནན་སྒོས་ཡར་སྐུལ་བྱེད་པ་དང་། དོན་དངོས་རྩ་དོན་དུ་བརྩི་བ་དང་། འདྲི་གཅོད་དཀྱིལ་སྙིང་ཡིན་པའི་གཏུག་བཤེར་ལམ་ལུགས་བཅོས་སྒྱུར་བྱ་བར་ཡར་སྐུལ་བྱས་ནས། གྱོད་གཞི་སྒྲུབ་པའི་རྒྱུ་སྤུས་ལ་མི་ཚེ་གང་བོར་འགན་འཁུར་བའི་ལམ་ལུགས་དང་ནོར་འཆུག་གྱོད་གཞི་ལ་འགན་འཁྲི་རྩད་གཅོད་ནན་མོ་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་དགོས། མི་དམངས་མང་ཚོགས་ཁྲིམས་འཛིན་བྱ་བར་ཞུགས་པར་འགན་སྲུང་བྱེད་དགོས་པ་དང་། ཁྲིམས་འཛིན་བར་འདུམ་དང་། ཁྲིམས་འཛིན་དཔང་མཉན། ཐེ་གཏོགས་གཏུག་བཤེར་དང་ཡིག་བསྐུར་ངོ་གཏུག་སོགས་ཁྲིམས་འཛིན་བྱ་འགུལ་ཁྲོད་དུ་མི་དམངས་མང་ཚོགས་ཞུགས་པར་འགན་སྲུང་བྱེད་པ། མི་དམངས་འདྲི་གཅོད་པའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། སྒོ་འབྱེད་དང་། སྣང་ཚུལ། མངོན་སུམ། སྟབས་བདེ་བཅས་ཀྱི་ཁྲིམས་འཛིན་ནང་རྐྱེན་བཟང་བོ་ཞིག་ཆགས་དགོས། འགྲོ་མིའི་ཐོབ་ཐང་ཁྲིམས་འཛིན་འགན་སྲུང་བྱ་བར་ཤུགས་སྣོན་དགོས། ཁྲིམས་འཛིན་བྱ་འགུལ་གྱི་ལྟ་སྐུལ་བྱ་བར་ཤུགས་བསྣན་ནས། ཞིབ་དཔྱོད་ལས་ཁུངས་ཀྱིས་ལྟ་སྐུལ་དབང་ཆ་ལག་བསྟར་བྱེད་པའི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཉེས་དོན་གཏུག་བཤེར་དང་། དམངས་དོན་གཏུག་བཤེར། སྲིད་འཛིན་གཏུག་བཤེར་བཅས་ཀྱི་བཅའ་ཁྲིམས་ལྟ་སྐུལ་བྱ་བར་ཤུགས་སྣོན་པ། མི་དམངས་ལྟ་ཞིབ་པའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། འབྲེལ་བ་དང་རྒྱུ་དངོས་ལ་བརྟེན་ནས་གྱོད་དོན་ལ་ཐེ་གཏོགས་གཏན་ནས་བྱེད་མི་རུང་།

    ཚང་འཛོམས་གྲོས་ཚོགས་སྟེང་བསྟན་དོན། བཅའ་ཁྲིམས་ཀྱི་དབང་གྲགས་དེ་མི་དམངས་ཀྱི་གོང་བཀུར་དང་དད་མོས་ལས་བྱུང་བ་ཡིན། མི་དམངས་ཀྱི་ཁེ་དབང་ལ་ཁྲིམས་ལུགས་ཀྱི་འགན་སྲུང་ཐོབ་དགོས་པ་དང་། བཅའ་ཁྲིམས་ཀྱི་དབང་གྲགས་དེ་མི་དམངས་ལ་བརྟེན་ནས་སྲུང་སྐྱོང་བྱེད་དགོས། ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དགོངས་དོན་དར་སྤེལ་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་བྱེད་དགོས་པ་དང་། སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་སྐྱོང་བའི་བརྩོན་སེམས་དང་རང་འགུལ་རང་བཞིན་ཇེ་དྲག་ཏུ་གཏོང་བ། ཁྲིམས་སྲུང་བ་ནི་གཟི་བརྗིད་ཡིན་ཞིང་། ཁྲིམས་དང་འགལ་བ་ནི་ངོ་ཚ་ཡིན་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་ཆགས་པར་བྱས་ནས། མི་དམངས་ཚང་མ་སྤྱི་ཚོགས་རིང་ལུགས་ཀྱི་བླ་མེད་ཁྲིམས་སྐྱོང་མཁན་དང་། རང་རྟོག་བརྩི་སྲུང་མཁན། འགྱུར་མེད་སྲུང་སྐྱོབ་མཁན་ཞིག་ཏུ་འགྱུར་དགོས། སྤྱི་ཚོགས་ཡོངས་ནས་ཁྲིམས་སྐྱོང་འདུ་ཤེས་ཆགས་པར་ཡར་སྐུལ་བྱས་ནས། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་དུ་སྤེལ་དགོས། ཁྲིམས་སྐྱོང་སློབ་གསོ་བྱ་བ་དེ་རྒྱལ་དམངས་སློབ་གསོའི་མ་ལག་དང་བསམ་པའི་དཔལ་ཡོན་གསར་སྐྲུན་བྱེད་པའི་ནང་དོན་དུ་འཇོག་དགོས། རྣམ་པ་མང་ཞིང་ཁྱབ་ཁོངས་མང་བོའི་སྒོ་ནས་ཁྲིམས་ལྟར་བཅོས་སྐྱོང་བྱ་བར་ཡར་སྐུལ་བྱས་ཏེ། ཁོངས་གཏོགས་བཅོས་སྐྱོང་། ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། མགོ་ཁུངས་བཅོས་སྐྱོང་བཅས་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། གཞི་རིམ་གྱི་རྩ་འཛུགས་དང་སྡེ་ཁག  ལས་རིགས་བཅས་ཀྱིས་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་བྱ་བ་གཏིང་ཟབ་དུ་སྤེལ་བ་དང་། སྤྱི་ཚོགས་ཀྱི་ཕྱོགས་ཁག་སྣ་ཚོགས་རང་ཉིད་ལ་ཚོད་འཛིན་དང་། རང་ཉིད་དོ་དམ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། སྡོད་དམངས་ཆིངས་ཡིག་དང་། ཞང་སྲོལ་དམངས་ཆིངས། ལས་རིགས་སྒྲིག་ཁྲིམས། ཚོགས་པའི་སྒྲིག་ཡིག་སོགས་སྤྱི་ཚོགས་ཚད་ལྡན་དེ་སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཀྱི་ནུས་པ་བཟང་བོ་འདོན་སྤེལ་བྱེད་དགོས། ཆ་ཚང་བའི་ཁྲིམས་ལུགས་ཞབས་ཞུའི་མ་ལག་འཛུགས་སྐྲུན་དང་། མཁར་གྲོང་སྡོད་དམངས་ལ་ཁེབས་པའི་སྤྱི་པའི་ཁྲིམས་ལུགས་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། ཁྲིམས་ལུགས་རོགས་སྐྱོར་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཁྲིམས་འཛིན་རྒུད་སྐྱོབ་མ་ལག་འཐུས་ཚང་དུ་གཏོང་དགོས། ཁྲིམས་ལྟར་རྩོད་གཞི་འདུམ་འགྲིག་བྱས་པའི་ནང་རྐྱེན་ལ་སྲུང་སྐྱོབ་བྱེད་པ་དང་། སྤྱི་ཚོགས་ཀྱི་འགལ་བའི་སྔོན་བརྡའི་ནང་རྐྱེན་དང་། ཁེ་ཕན་མཚོན་པའི་ནང་རྐྱེན། གྲོས་མོལ་འབྲེལ་འདྲིས་ནང་རྐྱེན། རྒུད་སྐྱོབ་རོགས་སྐྱོར་ནང་རྐྱེན་བཅས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། མང་ཚོགས་ཀྱི་ཁེ་ཕན་མཐུན་སྦྱོར་དང་། ཁེ་ཕན་འགན་སྲུང་བྱེད་པའི་ཁྲིམས་ལུགས་ཀྱི་ཐབས་ལམ་ཐོག་པ་མེད་པར་བྱེད་དགོས། སྤྱི་ཚོགས་བདེ་འཇགས་ཀྱི་སྔོན་འགོག་ཚོད་འཛིན་མ་ལག་འཐུས་ཚང་དུ་བཏང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས།

    ཚང་འཛོམས་གྲོས་ཚོགས་སྟེང་བསྟན་དོན། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་ཡར་སྐུལ་བྱེད་དགོས་ན། ངེས་པར་དུ་ཤུགས་ཆེན་པོས་ཁྲིམས་སྐྱོང་བྱ་བའི་དཔུང་སྡེའི་བསམ་བློའི་ཆབ་སྲིད་བྱང་ཚད་དང་། བྱེད་སྒོ་བྱ་བའི་ནུས་པ། ལས་རིགས་ཀུན་སྤྱོད་ཀྱི་ཆུ་ཚད་བཅས་ཇེ་མཐོར་བཏང་ཞིང་། གཙོ་བོ་ཏང་ལ་བློ་དཀར་བ་དང་རྒྱལ་ཁབ་ལ་བློ་དཀར་བ། མི་དམངས་ལ་བློ་དཀར་བ། བཅའ་ཁྲིམས་ལ་བློ་དཀར་བ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བྱ་བའི་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་དགོས། བྱང་ཚད་མཐོ་བའི་ཁྲིམས་སྐྱོང་ཆེད་དོན་དཔུང་སྡེ་འཛུགས་སྐྲུན་བྱེད་ན། བསམ་བློའི་ཆབ་སྲིད་འཛུགས་དེ་གོ་གནས་གལ་ཆེན་དུ་འཇོག་པ་དང་། ཁྲིམས་འཛུགས་དཔུང་སྡེ་དང་། སྲིད་འཛིན་ཁྲིམས་སྐྱོང་དཔུང་སྡེ། ཁྲིམས་འཛིན་དཔུང་སྡེ་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། ཁྲིམས་འཛུགས་དང་ཁྲིམས་སྐྱོང་། ཁྲིམས་འཛིན་སྡེ་ཁག་གི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ཕན་ཚུན་བར་སྡེ་ཁག་བར་ཆ་རྐྱེན་ལྡན་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བརྗེ་རེས་ཐབས་ལམ་ནུས་ལྡན་དུ་བྱས་ནས། ཁྲིམས་སྐྱོང་ཆེད་དོན་དཔུང་སྡེའི་ཚད་ལྡན་ཅན་དང་ཆེད་ལས་ཅན། ལས་རིགས་ཅན་བཅས་ལ་ཡར་སྐུལ་བྱེད་པ་དང་། བཅའ་ཁྲིམས་ལས་རིགས་ཀྱི་ཚད་ཞུགས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ལ། ཆ་རྐྱེན་དང་འཚམ་པའི་ཁྲིམས་རྩོད་པ་དང་ཁྲིམས་རིག་པའི་ཆེད་མཁས་ཁྲོད་ཁྲིམས་འཛུགས་བྱ་བ་བྱེད་མཁན་དང་ཁྲིམས་དཔོན། ཞིབ་དཔྱོད་དཔོན་པོ་བཅས་བསྡུ་བའི་ལམ་ལུགས་བཙུགས་ཏེ། སྲིད་ཁྲིམས་ཆེད་ལས་ཀྱི་མཐར་ཕྱིན་སློབ་མའི་ཁྲོད་ནས་ཤེས་ལྡན་མི་སྣ་བསྡུ་བའི་སྟབས་བདེ་ཚད་ལྡན་ནང་རྐྱེན་འཐུས་ཚང་དང་ལས་རིགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་དགོས། བཅའ་ཁྲིམས་ཞབས་ཞུའི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། རྒྱ་ཆེའི་ཁྲིམས་རྩོད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་བགྲོད་ལམ་དུ་ཞུགས་པའི་རང་འགུལ་རང་བཞིན་དང་འགྱུར་མེད་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། སྤྱི་ཚོགས་ཀྱི་ཁྲིམས་རྩོད་པ་དང་གཞུང་དོན་ཁྲིམས་རྩོད་པ། ཀུང་ཟིའི་ཁྲིམས་རྩོད་པ་སོགས་ཀྱི་ཁྱད་ནུས་ཕན་ཚུན་ཁ་གསབ་བྱེད་དགོས་ཤིང་གྲུབ་ཚུལ་ལུགས་མཐུན་ཡིན་པའི་ཁྲིམས་རྩོད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། ཁྲིམས་སྐྱོང་ཤེས་ལྡན་མི་སྣའི་གསོ་སྐྱོང་ནང་རྐྱེན་གསར་སྐྲུན་བྱེད་དགོས་ཤིང་། འཐུས་སྒོ་ཚང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་རིག་པའི་གཞུང་ལུགས་མ་ལག་དང་རིག་ཚན་མ་ལག བསླབ་རིམ་མ་ལག་བཅས་ཆགས་པར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གཞུང་ལུགས་བསླབ་གཞིའི་ནང་འགོད་པར་ཡར་སྐུལ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་ལ་ཆ་རྒྱུས་ཡོད་ཅིང་རྒྱུན་འཁྱོངས་བྱེད་པའི་ཁྲིམས་སྐྱོང་ཤེས་ལྡན་མི་སྣ་དང་རྗེས་གྲབས་སྟོབས་ཤུགས་གསོ་སྐྱོང་བྱེད་དགོས།

    ཚང་འཛོམས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཏང་གི་མགོ་ཁྲིད་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཡར་སྐུལ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཆེས་གཞི་རྩའི་འགན་སྲུང་ཡིན། ངེས་པར་དུ་ཏང་གི་ཁྲིམས་སྐྱོང་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། ཏང་གི་མགོ་ཁྲིད་དེ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བརྒྱུད་རིམ་ཡོངས་ལ་བརྒྱུས་དགོས། ཁྲིམས་ལྟར་སྲིད་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས་ན། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་བཅའ་ཁྲིམས་བརྩི་སྲུང་དང་སྣེ་ཁྲིད་ནས་ཁྲིམས་ལྟར་དོན་དག་བསྒྲུབ་དགོས་ལ། ཁྲིམས་དང་འགལ་བར་དབང་ཤུགས་ལག་བསྟར་བྱེད་མི་རུང་བ་དང་། ཅི་གསུང་ཁྲིམས་ཀྱི་ཚད་དང་དབང་ཆས་ཁྲིམས་མགོ་གནོན་པ། སྒེར་དོན་དུ་ཁྲིམས་མེད་ལུགས་མེད་བྱེད་མི་རུང་། ཏང་གིས་མགོ་ཁྲིད་པའི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལམ་ལུགས་དང་བྱ་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། ཏང་གིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱེད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་གཏན་འབེབས་བྱེད་པའི་ནང་རྐྱེན་དང་ལས་རིམ་འཐུས་ཚང་དང་དེར་འགན་སྲུང་བྱས་ཏེ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཅིག་གྱུར་མགོ་ཁྲིད་དང་གཅིག་གྱུར་བཀོད་སྒྲིག བཀོད་འདོམ་མཐུན་སྦྱོར་བཅས་ལ་ཡར་སྐུལ་གཏོང་བར་ཤུགས་སྣོན་བྱས་ནས། ཏང་ཨུའི་ཁྲིམས་ལྟར་ཐབས་ཇུས་འདོན་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། རིམ་པ་སོ་སོའི་དམངས་ཆེན་དང་། སྲིད་གཞུང་། སྲིད་གྲོས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་ཀྱི་ཏང་རྩ་འཛུགས་ཀྱིས་ལས་ཁུངས་རང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་བྱེད་པར་མགོ་ཁྲིད་དང་ལྟ་རྟོག་བྱེད་ཅིང་། བཅའ་ཁྲིམས་ཤེས་བཞིན་དུ་བཅའ་ཁྲིམས་བརྩད་གཅོད་བྱེད་པ་དང་ཁྲིམས་འགལ་གྱིས་དབང་ཆ་བཀོལ་བ་སོགས་བྱ་སྤྱོད་རྒྱུན་འཁྱོངས་བྱེད་དགོས། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཏང་ནང་གི་ཁྲིམས་སྲོལ་གཏན་འབེབས་ལམ་ལུགས་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། འཐུས་སྒོ་ཚང་བའི་ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་མ་ལག་ཆགས་པར་བྱས་ནས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བེད་སྤྱད་དེ་ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་། ཏང་བཅོས་སྐྱོང་ནན་མོ་བྱེད་པ། ཏང་ཡོན་དང་ལས་བྱེད་པས་སྣེ་ཁྲིད་དེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་བྱེད་པར་ཡར་སྐུལ་བྱེད་དགོས། ཏང་ཡོན་ལས་བྱེད་པའི་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་ལྟར་དོན་བསྒྲུབ་པའི་ནུས་པ་ཇེ་མཐོར་བཏང་སྟེ། ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ཕན་འབྲས་དེ་རིམ་པ་སོ་སོའི་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་བྱ་བའི་བྱས་རྗེས་ལ་དཔྱད་འཇོག་བྱེད་པའི་ནང་དོན་གཙོ་བོར་བྱེད་པ་དང་། སྲིད་དོན་བྱས་རྗེས་དཔྱད་ཞིབ་བྱེད་པའི་དམིགས་ཚད་མ་ལག་ནང་བཞག་སྟེ། བཅའ་ཁྲིམས་བརྩི་སྲུང་བྱེད་ཐུབ་མིན་དང་ཁྲིམས་ལྟར་དོན་དག་བསྒྲུབ་ཐུབ་མིན་དེ་ལས་བྱེད་པར་རྟོག་ཞིབ་བྱེད་པའི་ནང་དོན་གཙོ་བོར་བྱེད་དགོས། གཞི་རིམ་གྱི་ཁྲིམས་སྐྱོང་ཅན་ལ་ཡར་སྐུལ་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་བྱེད་པ་དང་། གཞི་རིམ་ལ་ཁ་ཕྱོགས་པའི་ཁྲིམས་སྐྱོང་བྱ་བའི་ནང་རྐྱེན་འཛུགས་དགོས། ཁྲིམས་ལྟར་དམག་སྐྱོང་བ་དང་དམག་ལ་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གང་ལེགས་བྱེད་དགོས་པ་དང་། ཏང་གི་གནས་བབ་གསར་བའི་འོག་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་ལ་དམ་པོར་དམིགས་ཤིང་། འཐུས་སྒོ་ཚང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དོན་ཁྲིམས་སྐྱོང་མ་ལག་བཙུགས་ཏེ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། ཁྲིམས་ལྟར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཅན་གྱི་ལག་ལེན་ལ་འགན་སྲུང་དང་མེས་རྒྱལ་གྱི་གཅིག་གྱུར་ལ་ཡར་སྐུལ་བྱས་ཏེ། ཞང་ཀང་དང་ཨོ་མིན་གྱི་དུས་ཡུན་རིང་བོའི་དར་རྒྱས་དང་བརྟན་འཇགས་སྲུང་འཛིན་བྱེད་པ་དང་། མེས་རྒྱལ་གྱི་ཞི་བདེ་གཅིག་གྱུར་ལ་ཡར་སྐུལ་བྱེད་པ། ཁྲིམས་ལྟར་ཞང་ཀང་དང་ཨོ་མིན་སྤུན་ཟླ། ཐེ་ཝན་སྤུན་ཟླ་བཅས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས། ཕྱི་འབྲེལ་གྱི་བཅའ་ཁྲིམས་བྱ་བར་ཤུགས་སྣོན་པ་དང་བཅའ་ཁྲིམས་ཀྱི་བྱེད་ཐབས་ལ་བརྟེན་ནས་རང་རྒྱལ་གྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་དང་། རང་རྒྱལ་གྱི་སྤྱི་དམངས་དང་ཁྲིམས་མི་ཕྱི་རྒྱལ་དུ་སྡོད་པ་དང་། ཕྱི་རྒྱལ་གྱི་སྤྱི་དམངས་དང་ཁྲིམས་མིས་རང་རྒྱལ་གྱི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས།

    ཚང་འཛོམས་གྲོས་ཚོགས་ཀྱིས་དེང་སྐབས་ཀྱི་གནས་བབ་དང་འོས་འགན་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་པ་དང་ཏང་ཡོངས་ཀྱི་བློ་མཐུན་ཚང་མས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་འཐབ་ཇུས་གལ་ཆེན་སྐོར་གྱི་འབྲེལ་ཡོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས་ཞེས་བསྟན་པར་མ་ཟད། ཡུལ་བབ་དང་བསྟུན་པ་དང་བདེ་སྡོད་ཉམས་སེལ་བྱེད་པ། འཐབ་ཇུས་གལ་ཆེན་གྱི་གོ་སྐབས་དམ་འཛིན་བྱེད་པ་དང་བཀོལ་སྤྱོད་བཟང་བོ་བྱས་ནས་བཅོས་བསྒྱུར་འཕེལ་རྒྱས་ཀྱི་འཐབ་ཇུས་ངེས་སྲོལ་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་འགྱུར་ལྡོག་ལ་ངེས་ཤེས་གསལ་བོ་ཡོད་པར་བྱས་ནས་འགྱུར་མེད་ཀྱི་སྙིང་སྟོབས་བཅངས་ཏེ། མུ་མཐུད་དུ་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་བའི་ངང་ནས་འཕེལ་རྒྱས་སུ་གཏོང་བྱ་བ་རྒྱུན་འཁྱོངས་སྒོས་བཟང་བོར་བསྒྲུབ་དགོས་ལ། དམངས་འཚོ་འགན་སྲུང་ལེགས་བཅོས་བྱེད་པ་དང་ལྷག་པར་དུ་དཀའ་ཁག་ཆེ་བའི་མང་ཚོགས་ལ་རོགས་སྐྱོར་བྱེད་པའི་བྱ་བ་མུ་མཐུད་དུ་བཟང་བོར་བསྒྲུབ་པ་དང་། ཀུན་སྤྱོད་ལེགས་བཅོས་བྱ་བ་དང་གཟབ་ནན་གྱིས་ཏང་བཅོས་སྐྱོང་བྱེད་པའི་བྱ་བ། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་བྱ་བ་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པའི་བྱ་བ་བཅས་བཟང་བོར་སྒྲུབས་ཏེ། སང་ལོའི་བྱ་བ་སྣ་ཚོགས་མགོ་བཟང་བོ་ཞིག་རྩོམ་པར་རྨང་གཞི་བརྟན་པོ་འདིང་དགོས།

    ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གི་སྒྲིག་ཡིག་གཞིར་བཟུང་ནས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་མཱ་ཅིན་ཐང་དང་ཝང་ཙོ་ཨན། མའོ་ཝན་ཁྲོན་བཅས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་ཁ་སྣོན་བྱེད་རྒྱུའི་ཐག་བཅད།

    ཚང་འཛོམས་གྲོས་ཚོགས་ནས་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ལིས་ཏུང་ཧྲིན་དང་ཅང་ཅེ་མེན། ཝང་ཡོན་ཁྲུན། ལིས་ཁྲོན་ཁྲིན། ཝན་ཆིན་ལེང་བཅས་ཀྱིས་ཁྲིམས་འགལ་ཚབ་ཆེན་བཟོས་པའི་གནད་དོན་སྐོར་གྱི་ཞིབ་བཤེར་སྙན་ཞུ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཡང་ཅིན་ཧྲན་གྱིས་ཁྲིམས་འགལ་ཚབ་ཆེན་བཟོས་པའི་གནད་དོན་སྐོར་གྱི་འབྲེལ་ཡོད་ཞིབ་བཤེར་སྙན་ཞུ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཉེ་སྔོན་བཏོན་པའི་ལིས་ཏུང་ཧྲིན་དང་ཅང་ཅེ་མེན། ཡང་ཅིན་ཧྲན། ཝང་ཡོན་ཁྲུན། ལིས་ཁྲོན་ཁྲིན། ཝན་ཆིན་ལེང་བཅས་ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་བཅད་པ་གཏན་འཁེལ་བྱས།

    ཚང་འཛོམས་གྲོས་ཚོགས་ནས་ཏང་ཡོངས་ཀྱི་བློ་མཐུན་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེངས་པ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་དུ་ཧུར་བརྩོན་གྱིས་ཞུགས་པ་དང་གསར་གཏོད་བརྩོན་ལེན་དང་བྱ་བ་ནན་སྒྲུབ་བྱས་ཏེ། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག